ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་གྱིས་སི་རི་ཡཱའི་ནང་འཁྲུག་དོན་དངོས་སུ་མཚམས་བཞག་ཡོད་པར་བཤད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་ཡིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། སི་རི་ཡཱའི་ནང་འཁྲུག་དེ་དོན་དངོས་སུ་མཚམས་བཞག་ཡོད་ཟེར།

ཧྲའོ་དབྱེ་ཀུའུ་ཡིས་ཉིན་དེར་མའོ་སི་ཁི་ནས་བསྡུས་པའི་དམག་དཔུང་གི་ཉིས་སྟོང་བཅུ་བདུན་ལོའི་དམག་དོན་ལག་རྩལ་གླེང་སྟེགས་སྟེང་ལེ་པཱ་ནུན་གྱི་རྒྱལ་སྲུང་བློན་ཆེན་སཱ་ལཱ་ཧྥུའུ་ལ་ཐུག་འཕྲད་བྱེད་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་བཤད་རྒྱུར། ཞི་འཇམ་གྱི་ངོ་རྒོལ་ཕྱོགས་ཁག་དང་འཇིགས་སྐུལ་ཉེས་ཅན་གྱི་དབྱེ་བ་གསལ་བོ་འབྱེད་པ་དང་། སི་རི་ཡཱ་ཡིས་འཁྲུག་རྩོད་ཞི་འཇགས་སུ་གཏོང་བའི་ས་ཁུལ་འཛུགས་པ་ནི་སི་རི་ཡཱའི་ནང་འཁྲུག་མཚམས་འཇོག་པའི་རྒྱུ་རྐྱེན་གཙོ་བོ་གཉིས་ཡིན་ཟེར།

ཧྲའོ་དབྱེ་ཀུའུ་ཡིས་བཤད་རྒྱུར། གོང་གི་རྒྱུ་རྐྱེན་དེ་གཉིས་ལེགས་པར་བསྒྲུབ་པས་མིག་སྔར་སྟོབས་ཤུགས་གཙོ་བོས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་སོགས་ལ་ཆམ་ཕབ་གཏོང་བཞིན་ཡོད་ཟེར།

ཧྲའོ་དབྱེ་ཀུའུ་ཡིས་བཤད་རྒྱུར། ནུབ་ཕྱོགས་རྒྱལ་ཁབ་དག་གིས་བྱེད་ཐབས་དེར་ལད་མོ་བྱས་ཏེ། ཞི་འཇམ་གྱི་ངོ་རྒོལ་ཕྱོགས་ཁག་དང་འཇིག་སྐུལ་ཉེས་ཅན་གྱི་དབྱེ་བ་གསལ་བོ་འབྱེད་ནས། གདམ་གསེས་མེད་པའི་སྒོ་ནས་ཁོ་ཚོར་རོགས་སྐྱོར་བྱེད་མཚམས་འཇོག་དགོས་ཟེར།

ཉིས་སྟོང་བཅུ་གཅིག་ལོའི་ཚུན་ལ། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པའི་བར་ནང་འཁྲུག་བྱུང་སྟེ། མི་སྣ་མང་བོར་ཤི་རྨས་བཟོས། ད་ལོའི་ཟླ་ལྔ་བར། ཨུ་རུ་སི་དང་ཐུར་ཁེ། དབྱི་ལིང་བཅས་རྒྱལ་ཁབ་གསུམ་གྱི་འཐུས་མིས་བཟོད་སྒོམ་བརྗེད་ཐོ་བཀོད་པ་དང་། སི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་དབྱེ་ཏི་ལེ་པུའུ་ཞིང་ཆེན་དང་དབུས་ཕྱོགས་ཀྱི་ཧའོ་མུའུ་སི་ཞིང་ཆེན། ཏཱ་མཱ་ཧྲི་ཀིའི་ཉེ་འདབས་ས་ཁུལ། སི་རི་ཡཱའི་ལྷོ་ཕྱོགས་ས་ཁུལ་བཅས་ནས་སོ་སོར་འཁྲུག་རྩོད་ཞི་འཇགས་སུ་གཏོང་བའི་ས་ཁུལ་བཙུགས་པ་རེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།