ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་གྱིས་ཨ་མེ་རི་ཁས་ལཱ་ཏེན་མེ་གླིང་རྒྱལ་ཁབ་དག་གིས་ཁྲའོ་ཞན་བར་འབྲེལ་ཐག་གཅོད་པར་ཡར་སྐུལ་བཏང་བར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་དགུའི་ཉིན་བསྟན་དོན། ཉེ་སྔོན་ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་ཕིན་སི་ཡིས་ལཱ་ཏེན་མེ་གླིང་གི་རྒྱལ་ཁབ་རེ་འགས་ཁྲའོ་ཞན་བར་འབྲེལ་ཐག་གཅོད་པའི་རེ་བ་བཏོན་པ་དང་། དེ་ནི་ཨ་མེ་རི་ཁས་ཁྲའོ་ཞན་དགྲ་རུ་འཛིན་པའི་ཚད་ལས་བརྒལ་བའི་བྱ་སྤྱོད་ཅིག་ཡིན་ལ། བདག་དབང་རྒྱལ་ཁབ་ཀྱི་ནང་སྲིད་ལ་མངོན་གསལ་གྱིས་ཐེ་གཏོགས་བྱས་པ་རེད་ཟེར།

ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཉིན་དེར་བསྟན་དོན། ཉེ་སྔོན་ཨ་མེ་རི་ཁའི་ཙུང་ཐུང་གཞོན་པས་ཀྲི་ལི་ལཱ་འཚམས་འདྲི་བྱེད་སྐབས། པཱ་ཞི་དང་མའོ་ཞི་ཁོ། ཀྲི་ལི། ཕེ་རུ་བཅས་ཀྱིས་ཁྲའོ་ཞན་བར་གྱི་ཕྱི་ཕྱོགས་འབྲེལ་བ་གཅོད་དགོས་པའི་རེ་བ་བཏོན། ཨ་མེ་རི་ཁས་ཁྲའོ་ཞན་བར་མཛའ་མཐུན་མཉམ་ལས་འབྲེལ་བ་སྲུང་འཛིན་བྱེད་པའི་རྒྱལ་ཁབ་དག་གིས་ཁྲའོ་ཞན་བར་གྱི་ཕྱི་འབྲེལ་དང་དཔལ་འབྱོར་གྱི་འབྲེལ་ཐག་གཅོད་པར་བཙན་སྐུལ་བྱས་པ་དེ་ནི་ཐོག་དང་པོ་མིན། ཨ་མེ་རི་ཁས་ནམ་རྒྱུན་ཨེ་ཤ་ཡཱ་དང་ཨ་ཧྥེ་རི་ཁ་གླིང་། ལཱ་ཏེན་མེ་གླིང་། ཡོ་རོབ་གླིང་བཅས་ཀྱི་རྒྱལ་ཁབ་མང་བོར་གནོན་ཤུགས་བྱིན་ནས། ཁོ་ཚོས་ཁྲའོ་ཞན་གྱི་འབྲེལ་ཐག་ཕྱོགས་ཡོངས་ནས་གཅོད་དགོས་པའི་རེ་བ་འདོན་བཞིན་ཡོད་ཟེར།

མགྲིན་ཚབ་པ་དེས་བཤད་རྒྱུར། ཨ་མེ་རི་ཁའི་བྱ་སྤྱོད་དེ་ལས་ཨ་མེ་རི་ཁས་འཛམ་གླིང་ཧྲིལ་བོ་བསྐྱུར་ནས་རང་ཉིད་ཀྱི་ཁེ་ཕན་ཁོ་ན་དོན་དུ་གཉེར་བའི་སྒེར་སེམས་མཚོན་པ་དང་། ཨ་མེ་རི་ཁས་ཁྲའོ་ཞན་དགྲ་རུ་འཛིན་པའི་སྲིད་ཇུས་ཀྱི་ཚད་ལས་བརྒལ་བའི་བྱ་སྤྱོད་ཅིག་རེད། ཨ་མེ་རི་ཁའི་བྱ་སྤྱོད་དེ་ནི་བདག་དབང་རྒྱལ་ཁབ་ཀྱི་ནང་སྲིད་ལ་མངོན་གསལ་གྱིས་ཐེ་གཏོགས་བྱས་པ་ཡིན་ལ། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་སྒྲིག་ལམ་ལ་འཛེམ་དོགས་མེད་པར་འགྲན་བསླངས་པ་རེད་ཟེར།

མགྲིན་ཚབ་པ་དེས་བཤད་རྒྱུར། ཁྲའོ་ཞན་གྱིས་ཕྱིན་ཆད་མུ་མཐུད་དུ་རང་བདག་དང་ཞི་བདེ། མཛའ་མཐུན་བཅས་ཀྱི་འདུ་ཤེས་བཟུང་སྟེ། སྔར་ལས་ལྷག་པའི་སྒོ་ནས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་ཟེར།

བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་ཕིན་སི་ཡིས་ཚེས་བཅུ་དྲུག་ཉིན་ཀྲི་ལི་ལ་འཚམས་འདྲི་བྱེད་སྐབས་བཤད་རྒྱུར། ཨ་མེ་རི་ཁས་ཕྱི་འབྲེལ་ཐད་ནས་ཁྲའོ་ཞན་ཁེར་རྐྱང་དུ་ཕུད་པར་མཐོང་ཆེན་བྱེད་བཞིན་ཡོད་ཟེར། ཀྲི་ལི་དང་པཱ་ཞི། མའོ་ཞི་ཁོ། ཕེ་རུ་བཅས་ཀྱིས་ཁྲའོ་ཞན་བར་གྱི་ཕྱི་འབྲེལ་དང་ཚོང་ལས་ཀྱི་འབྲེལ་ཐག་གཅོད་དགོས་པའི་སྐུལ་མ་བཏང་། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཏིས་ལེ་སིན་གྱིས་ཚེས་བཅུ་བདུན་ཉིན་བསྟན་དོན། ཨ་མེ་རི་ཁས་རྒྱལ་ཁབ་གཞན་པའི་བར་མཉམ་ལས་བྱས་ཏེ། མུ་མཐུད་དུ་ཕྱི་འབྲེལ་དང་དཔལ་འབྱོར་གྱི་ཐབས་ལ་བརྟེན་ནས་ཁྲའོ་ཞན་གྱིས་ཁྲིམས་འགལ་གྱི་ཉིང་རྡུལ་མཚོན་ཆ་དང་འཕུར་མདའི་གཏོང་འཕེན་འཆར་གཞི་མཚམས་འཇོག་པར་ཡར་སྐུལ་གཏོང་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།