ཀྲུང་གོ་བོད་ཀྱི་དྲ་བ།

སི་ཕན་གྱི་པཱ་སེ་ལོ་ནཱ་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

8月17日,在西班牙巴塞罗那,特警在发生汽车撞人恐怖袭击事件现场附近执勤。.jpg

ཟླ་བརྒྱད་པའི་ཚེས་བཅུ་བདུན་ཉིན། སི་ཕན་གྱི་པཱ་སེ་ལོ་ནཱ་ནས། དམིགས་བསལ་ཉེན་རྟོག་པས་རླངས་འཁོར་གྱིས་ལམ་འགྲོ་བར་ཐོ་བརྒྱབ་པའི་འཇབ་རྒོལ་དོན་རྐྱེན་བྱུང་སར་བཀག་སྡོམ་བྱེད་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་ཕན་གྱི་པཱ་སེ་ལོ་ནཱ་གྲོང་ཁྱེར་ཡོད་སའི་ཅཱ་ཐེ་ལོ་ནེ་ཡཱ་རང་སྐྱོང་ས་ཁུལ་གྱི་སྲིད་གཞུང་གིས་ཚེས་བཅུ་བདུན་ཉིན་གྱི་དགོང་མོར་བདེན་དཔང་བྱས་དོན། པཱ་སེ་ལོ་ནཱ་གྲོང་ཁྱེར་དུ་ཉིན་དེར་དངོས་སྐྱེལ་རླངས་འཁོར་ཞིག་གིས་ལམ་འགྲོ་བར་ཐོ་བརྒྱབ་པའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱད་ཅུར་རྨས་ཕོག དེའི་ནང་མི་བཅོ་ལྔའི་རྨས་སྐྱོན་ཚབས་ཆེན་རེད་ཟེར།

ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར། པཱ་སེ་ལོ་ནཱ་གྲོང་ཁྱེར་ལྟེ་གནས་ཀྱི་ཡུན་རིང་ལོ་རྒྱུས་ལྡན་པའི་མཛེས་ལྗོངས་ཁུལ་ལན་པུའུ་ལཱ་སི་སྲང་ལམ་དུ་གནས་སྐོར་བ་མང་བོ་ཡོད་པ་དང་། འཁོར་སྒམ་ཅན་གྱི་དངོས་སྐྱེལ་རླངས་འཁོར་དཀར་པོ་ཞིག་གློ་བུར་དུ་མི་ཚོགས་ཁྲོད་དུ་ཤོར་ཡོང་ནས་མི་མང་བོར་ཤི་རྨས་བཟོས་པ་རེད། དེའི་རྗེས་སུ་ཉེན་རྟོག་པ་ཡོང་ནས་ས་ཁུལ་དེ་བཀག་སྡོམ་བྱས་པ་དང་། མང་ཚོགས་དག་བདེ་འཇགས་ས་ཁུལ་དུ་བསྐྱལ་བར་མ་ཟད། ལག་དམར་འཛིན་བྱེད་པའི་འགུལ་སྐྱོད་སྤེལ། ཤི་རྨས་ཐེབས་པའི་མི་སྣ་དག་མྱུར་མོར་སྨན་ཁང་དུ་བསྐྱལ་བ་རེད།

གནས་ཚུལ་དངོས་སུ་མཐོང་མཁན་གྱིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། མི་ཚོགས་ཀྱི་ཁྲོད་དུ་ཤོར་ཡོང་བའི་དངོས་སྐྱེལ་རླངས་འཁོར་དེ་ཧ་ཅང་མགྱོགས་པ་དང་། མི་ལ་ཐོ་བརྒྱབ་ཀྱང་མྱུར་ཚད་ཇེ་དལ་དུ་གཏོང་བའི་ཚུགས་ཀ་ཙམ་ཡང་མེད། ལམ་འགྲོ་བ་དག་སྦས་སྐོང་བྱེད་ས་མེད་པས་སྲང་ལམ་དུ་གང་སར་འགྲོ་བའམ་ཡང་ན་ལམ་འགྲམ་གྱི་ཚོང་ཁང་དུ་འཚང་བཞིན་ཡོད། ལན་པུའུ་ལཱ་སི་སྲང་ལམ་དུ་ལམ་འགྲོ་བའི་ཞྭ་དང་ལྷམ་སོགས་ཀྱིས་གང་སར་ཁེངས་ཡོད་ཟེར།

ས་དེའི་ཉེན་རྟོག་ཕྱོགས་ཀྱིས་རྟོག་ཞིབ་རགས་ཙམ་བྱས་རྗེས་ཁྱབ་སྒྲོག་བྱས་དོན། དེ་ནི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཞིག་ཡིན་པ་དང་། འཇིགས་སྐུལ་འཇབ་རྒོལ་གྱི་རྟོག་ཞིབ་ལས་རིམ་མགོ་བརྩམས་ཡོད་ཟེར། ཅཱ་ཐེ་ལོ་ནེ་ཡཱ་རང་སྐྱོང་ས་ཁུལ་གྱི་སྲིད་གཞུང་གི་ཀྲུའུ་ཞི་ཕུའུ་དབྱེ་ཀི་ཏི་མིན་ཐི་ཡིས་བཤད་རྒྱུར། མིག་སྔར་ཉེན་རྟོག་ཕྱོགས་ཀྱིས་དོགས་ཡོད་ཉེས་ཅན་གཉིས་འཛིན་བཟུང་བྱས་ཡོད་ཟེར།

དོན་རྐྱེན་བྱུང་རྗེས་པཱ་སེ་ལོ་ནཱ་གྲོང་ཁྱེར་ལྟེ་གནས་ཀྱི་ས་འོག་ལྕགས་ལམ་དང་བཅས་པའི་སྤྱི་བའི་འགྲིམ་འགྲུལ་གནས་སྐབས་སུ་མཚམས་བཞག་པ་དང་། གྲོང་ཁྱེར་སྡོད་དམངས་དག་རང་ཁྱིམ་ནས་སྒོའི་ཕྱིར་མི་འབུད་པའི་རེ་བ་བཏོན་ཡོད།

ཉིན་དེར་པཱ་སེ་ལོ་ནཱའི་འགྲིམ་འགྲུལ་གྱི་ཞིབ་བཤེར་ས་ཚིགས་ཤིག་ནས། རླངས་འཁོར་ཞིག་གིས་ཉེན་རྟོག་པ་གཉིས་ལ་ཐོ་བརྒྱབ་རྗེས་བྲོས་བྱོལ་བྱས། ཅཱ་ཐེ་ལོ་ནེ་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། དོན་རྐྱེན་བཟོ་མཁན་གྱི་རླངས་འཁོར་ཁ་ལོ་བ་དེ་པཱ་སེ་ལོ་ནཱ་གྲོང་ཁྱེར་ཁུལ་ནས་འཛིན་བཟུང་བྱས་ཡོད་ཟེར། མིག་སྔར་ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེ་གཉིས་ལ་འབྲེལ་བ་ཡོད་མེད་གསལ་བོར་བཤད་མེད།

ཉིན་དེར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཨ་ཁི་མཱ་འཕྲིན་གཏོང་ཁང་བརྒྱུད་དེ་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ནི་རྩ་འཛུགས་དེས་བཟོས་པ་ཁྱབ་སྒྲོག་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།