ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་དྲག་ཆས་དམག་དཔུང་གིས་མཉམ་འབྲེལ་སྒོས་དམིགས་བསལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སི་དཀར་པོའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་གསུམ་ཉིན་ཁྱབ་སྒྲོག་བྱས་དོན། ཨུ་རུ་སི་དཀར་པོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་དྲག་ཆས་དམག་དཔུང་གིས་ཟླ་འདིའི་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་ལྔ་ཉིན་བར་མཉམ་འབྲེལ་སྒོས་དམིགས་བསལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱིས་ཟླ་དགུ་བའི་ཟླ་དཀྱིལ་ལ་སྤེལ་རྒྱུ་ཡིན་པའི་ཉིས་སྟོང་བཅུ་བདུན་ལོའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ལ་གྲ་སྒྲིག་བྱེད་རྒྱུ་ཡིན་ཟེར།

ཨུ་རུ་སི་དཀར་པོའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་བསྒྲགས་པ་ལྟར་ན། དམིགས་བསལ་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་ཨུ་རུ་སིའི་ཕྱོགས་ཀྱི་མི་སྣ་དག་ཟླ་འདིའི་ཚེས་བཅོ་ལྔ་ཉིན་ནས་བཟུང་བསྟུད་མར་ཨུ་རུ་སིའི་དཀར་པོའི་མངའ་ཁོངས་སུ་ཡོང་རྒྱུ་ཡིན་པ་ཁྱབ་སྒྲོག་བྱས།

ཉིན་དེར་ཨུ་རུ་སི་དཀར་པོའི་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་དང་པོ་དང་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པའི་འགན་ཁུར་མཁན་པེ་ལོ་ཁི་ནེ་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སི་དཀར་པོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་ཉིས་སྟོང་བཅུ་བདུན་ལོའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་གྱི་གྲ་སྒྲིག་བྱ་བ་ཡོད་ཚད་མཇུག་སྒྲིལ་ལ་ཉེ། ཐེངས་འདིའི་རྒྱུན་སྲོལ་གྱི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ལ་འགོག་སྲུང་གི་རང་བཞིན་ལྡན་པ་དང་། དམག་དོན་སྦྱོང་བརྡར་དེ་མངོན་གསལ་དང་ཡོངས་བསྒྲགས་ཀྱི་རྣམ་པའི་འོག་སྤེལ་རྒྱུ་ཡིན་ཟེར།

ཉིས་སྟོང་བཅུ་བདུན་ལོའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ཟླ་དགུ་བའི་ཚེས་བཅུ་བཞི་ཉིན་ནས་ཚེས་ཉི་ཤུའི་ཉིན་བར་སྤེལ་རྒྱུར་ཐག་བཅད་ཡོད། ཨུ་རུ་སི་དཀར་པོའི་དམག་དཔུང་དང་ཨུ་རུ་སིའི་ནུབ་ཕྱོགས་དམག་ཁུལ་གྱི་ཐན་ཁི་འཁོར་ལོའི་དམག་དཔུང་མཉམ་དུ་སྦྱོང་བརྡར་ལ་ཞུགས་རྒྱུ་ཡིན་པ་དང་། དམག་དོན་སྦྱོང་བརྡར་ལ་ཞུགས་པའི་མི་གྲངས་ཁྲི་གཅིག་དང་སྟོང་གསུམ་ལས་བརྒལ་མི་རུང་། ཨུ་རུ་སིའི་ཕྱོགས་ཀྱིས་དམག་མི་སྟོང་གསུམ་དང་ཐན་ཁི་འཁོར་ལོ་དང་རླངས་འཁོར་ཉིས་བརྒྱ་བརྒྱད་ཅུ། འཐབ་འཛིང་གནམ་གྲུ་ཉེར་ལྔ་མངག་གཏོང་བྱེད་པའི་འཆར་གཞི་ཡོད།

རྒྱལ་ཁབ་གཉིས་ཀྱིས་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་བཅས་པའི་རྒྱལ་ཁབ་མང་བོའི་འཐུས་མི་གདན་ཞུ་བྱས་ཏེ་དམག་དོན་སྦྱོང་བརྡར་ལ་ལྟ་སྦྱོང་བྱེད་དུ་འཇུག་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།