ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་ལ་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་འཇབ་རྒོལ་ཐེབས་ཏེ་མི་ཉེར་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་སོ་མཱ་ལི་རུ་སྡོད་པའི་ཆེད་མངག་ཚོགས་པའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་ཞིག་ལ་ཟླ་བདུན་པའི་ཚེས་སུམ་ཅུའི་ཉིན་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་ན་གཞོན་ཏང་ཞེས་པའི་སོ་མཱ་ལིའི་ཐལ་སྤྱོད་རྩ་འཛུགས་ཀྱི་འཇབ་རྒོལ་ཐེབས། སོ་མཱ་ལིའི་དཔོན་ཕྱོགས་ཀྱིས་བཤད་རྒྱུར། དམག་མི་ཉེར་བཞི་རྐྱེན་ལམ་དུ་ཤོར་བ་དང་། ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་མི་སོ་དགུ་བསད་ཡོད་པར་བཤད།

ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་དམག་དཔོན་ཧཱ་སང་མུའུ་ཧན་མའོ་ཏི་ཡིས་བཤད་རྒྱུར། ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱིས་སོ་མཱ་ལིའི་རྒྱལ་ས་མའོ་ཅཱ་ཏིས་ཧྲའི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་བརྒྱ་དང་བཞི་བཅུའི་མཚམས་སུ་ཡོད་པའི་ཞེ་པེ་ལེ་ཞོལ་མ་ཀྲིག་གི་པུའུ་ལཱ་མཱ་ལི་ཨར་ས་ཁུལ་དུ་ཆེད་མངག་ཚོགས་པའི་རླངས་འཁོར་རུ་ཁག་ཅིག་ལ་འཇབ་རྒོལ་བྱས་པ་དང་། ཕྱོགས་གཉིས་བར་འཁྲུག་རྩོད་དྲག་པོ་བྱུང་ཞིང་དུས་ཚོད་གཅིག་ལྷག་འགོར་ཡོད་ཟེར།

ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མགྲིན་ཚབ་པ་མུའུ་སཱ་པུའུ་ཡིས་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་མི་སོ་དགུ་བསད་པ་དང་། དེའི་ནང་བཀོད་འདོམ་དཔོན་པོ་ཞིག་ཡོད་པར་བཤད། སོ་མཱ་ལིའི་སྲིད་གཞུང་གིས་བཤད་ཚུལ་དེ་ཁས་ལེན་མ་བྱས། ཞེ་པེ་ལེ་ཞོལ་མ་ཀྲིག་གི་ཀྲིག་ཀྲང་གཞོན་པ་ནོའུ་ཨར་གྱིས་བཤད་རྒྱུར། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་དམག་མི་ཉེར་གསུམ་དང་སོ་མཱ་ལིའི་དམག་མི་གཅིག་རྐྱེན་ལམ་དུ་ཤོར་ཟེར།

ཝུ་ཀན་ཏཱའི་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། འཇབ་རྒོལ་ཐེབས་པའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་ཁྲོད་ཝུ་ཀན་ཏཱའི་དམག་མི་ཡོད་ཀྱང་། མིག་སྔར་ཤི་རྨས་ཐེབས་པའི་གནས་ཚུལ་གསལ་བོར་མི་ཤེས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།