སི་རི་ཡས་ཧྲི་ཡེ་ཕྱོགས་ཁག་གི་གྲོང་རྡལ་ཆུང་བར་མི་ཆོས་རྒུད་སྐྱོབ་དངོས་རྫས་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་བདུན་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལ་འཕྲིན་ཡིག་བསྐུར་ནས། སྲིད་གཞུང་ལ་རྒོལ་བའི་དྲག་ཆས་རྩ་འཛུགས་ཀྱིས་མཐའ་བསྐོར་བའི་ཧྲི་ཡེ་ཕྱོགས་ཁག་གི་གྲོང་རྡལ་ཆུང་བ་གཉིས་ལ་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་།

སི་རི་ཡའི་ཕྱི་འབྲེལ་པུའུ་ཡིས་འཕྲིན་ཡིག་ནང་བཤད་རྒྱུར། སི་རི་ཡའི་ནུབ་བྱང་ཕྱོགས་ཀྱི་དབྱི་ཏི་ལེ་པུའུ་ཞིང་ཆེན་གྱི་ཧྲི་ཡེ་ཕྱོགས་ཁག་གི་གྲོང་རྡལ་ཆུང་བ་ཁ་ཧྥུའུ་ལཱ་ཡ་དང་ཧྥུའུ་ཨ་གཉི་ག་མི་ཆོས་རིང་ལུགས་ཀྱི་ཉེན་ཚབས་ཆེན་པོར་འཕྲད་ཡོད། ས་དེའི་མི་སེར་སྟོང་བདུན་སྤྱི་ལེ་གྲུ་བཞི་མ་བཅུ་ཙམ་གྱི་ས་རུ་བཅུག་ཡོད་ལ། ཟས་རིགས་དང་སྨན་རྫས། ཆུ་གཙང་མ་བཅས་ཧ་ཅང་དཀོན་པར་གྱུར་ཡོད་ཟེར།

སི་རི་ཡའི་ཕྱི་འབྲེལ་པུའུ་ཡིས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་གྲོང་རྡལ་ཆུང་བ་དེ་གཉི་ག་མི་ཆོས་རིང་ལུགས་ཀྱི་ཉེན་ཚབས་ལ་འཕྲད་པར་ཁ་ཡ་མ་བྱས་པར་སྐྱོན་བརྗོད་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མྱུར་དུ་བྱེད་ཐབས་སྤྱད་དེ། ས་དེའི་མང་ཚོགས་དཀའ་ངལ་ལས་ཐར་བར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཟླ་ལྔ་པའི་འགོར། ཨུ་རུ་སི་དང་ཐུར་ཁེ། དབྱི་ལང་བཅས་རྒྱལ་ཁབ་གསུམ་གྱི་འཐུས་མིས་བཟོད་སྒོམ་བརྗེད་ཐོ་བཀོད་པ་དང་། དེའི་ནང་དོན་སི་རི་ཡའི་ནུབ་བྱང་ཕྱོགས་ཀྱི་དབྱི་ཏི་ལེ་པུའུ་ཞིང་ཆེན་དང་། དབུས་ཕྱོགས་ཀྱི་ཧོ་མུའུ་སི་ཞིང་ཆེན། ཏ་མ་སི་ཁོ་གྲོང་ཁྱེར་གྱི་འདབས་རོལ་དང་སི་རི་ཡའི་ནུབ་ཕྱོགས་ས་ཁུལ་བཅས་ནས་དམག་འཁྲུག་མཚམས་འཇོག་པའི་ས་ཁུལ་འཛུགས་པ་དང་འབྲེལ་བ་ཡོད།

དམག་འཁྲུག་མཚམས་འཇོག་པའི་ས་ཁུལ་འཛུགས་པའི་ནང་དོན་གཅིག་ནི་ས་དེར་མི་ཆོས་ཀྱི་རྒུད་སྐྱོབ་དངོས་རྫས་འདོན་སྤྲོད་བྱེད་རྒྱུ་དེ་ཡིན། ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན། མི་ཆོས་ཀྱི་རྒུད་སྐྱོབ་དངོས་རྫས་དྲུད་ཡོད་པའི་རླངས་འཁོར་རུ་ཁག་སྲིད་གཞུང་ལ་རྒོལ་བའི་དྲག་ཆས་རྩ་འཛུགས་ཀྱིས་ཚོད་འཛིན་བྱས་པའི་ཏ་མ་སི་ཁོའི་ཤར་འདབས་ཀྱི་ཀུའུ་ཐ་ཤར་མ་ས་ཁུལ་དུ་འབྱོར་བ་དང་། དེ་ནི་ས་ཁུལ་དེ་དམག་འཁྲུག་མཚམས་འཇོག་པའི་ས་ཁུལ་གྱི་གྲས་སུ་བཞག་རྗེས་ས་དེར་ཐོན་པའི་མི་ཆོས་ཀྱི་རྒུད་སྐྱོབ་དངོས་རྫས་ཐོག་མ་རེད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།