ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལ་རྒྱལ་ཁབ་ཀྱི་ད་ལྟ་དང་སྔོན་ཆད་ཀྱི་དཔོན་རིགས་བཅུ་གསུམ་ལ་དཔལ་འབྱོར་གྱི་བཀག་སྡོམ་བྱེད་ཡིན་ཞེས་བསྒྲགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཚེས་ཉེར་དྲུག་ཉིན་ཝེ་ནེ་ཙུའེ་ལ་རྒྱལ་ཁབ་ཀྱི་ད་ལྟ་དང་སྔོན་ཆད་ཀྱི་སྲིད་གཞུང་གི་དཔོན་རིགས་བཅུ་གསུམ་དང་དཔལ་འབྱོར་གྱི་བཀག་སྡོམ་བྱེད་རྒྱུ་ཡིན་ཞེས་བསྒྲགས་པ་མ་ཟད། ཝེ་ནེ་ཙུའེ་ལའི་སྲིད་གཞུང་གིས་རྩ་ཁྲིམས་གཏན་འབེབས་ཚོགས་ཆེན་བསྡུ་བར་བཀག་སྡོམ་སྔར་ལས་ནན་མོ་བྱེད་རྒྱུ་ཡིན་ཞེས་འཇིགས་སྣང་བསླངས།

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཉིན་དེར་བསྒྲགས་པའི་གསལ་སྒྲོག་ལྟར་ན། ཝེ་ནེ་ཙུའེ་ལའི་རྒྱལ་ཁབ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལུའུ་སའེ་ན་དང་བཅས་པའི་ད་ལྟའི་དཔོན་རིགས་བཞི་ལ་རྩ་ཁྲིམས་གཏན་འབེབས་ཚོགས་ཆེན་གྱི་འདེམ་བསྐོ་བསྡུས་པ་སོགས་ཀྱི་དབང་གིས་ཨ་མེ་རི་ཁ་ཕྱོགས་ཀྱི་བཀག་སྡོམ་ཐེབས་ཟེར། དེ་ལས་གཞན་ཝེ་ནེ་ཙུའེ་ལའི་ནང་སྲིད་པུའུ་ཀྲང་ལེ་ཝེ་ལོ་ཨར་དང་བཅས་པའི་ད་ལྟ་དང་སྔོན་ཆད་ཀྱི་དཔོན་རིགས་དགུ་ལ་ཡང་རྒྱུ་རྐྱེན་གཞན་པའི་དབང་གིས་ཨ་མེ་རི་ཁའི་བཀག་སྡོམ་ཐེབས་ཟེར།

གསལ་སྒྲོག་ནང་དུ་ཝེ་ནེ་ཙུའེ་ལའི་རྩ་ཁྲིམས་གཏན་འབེབས་ཚོགས་ཆེན་གྱི་འཐུས་མི་བདམས་པའི་མི་སུ་ཡིན་རུང་ཚང་མར་ཨ་མེ་རི་ཁའི་དཔལ་འབྱོར་གྱི་བཀག་སྡོམ་ཐེབས་ངེས་ཞེས་བཤད་ཡོད།

བཀག་སྡོམ་བྱེད་ཐབས་ལྟར་ན། བཀག་སྡོམ་ཐེབས་པའི་མི་དེ་དག་གི་ཨ་མེ་རི་ཁ་ན་ཡོད་པའི་རྒྱུ་ནོར་བཀག་སྡོམ་བྱེད་རྒྱུ་ཡིན་པ་དང་མཉམ་དུ། ཨ་མེ་རི་ཁའི་མི་རྣམས་ཀྱིས་མི་དེ་དག་ལ་ཉོ་ཚོང་འགྲོ་འོང་བྱེད་པར་བཀག་འགོག་བྱེད་རྒྱུ་རེད།

ཝེ་ནེ་ཙུའེ་ལའི་སྲིད་གཞུང་གིས་ཟླ་ལྔ་བའི་ཚེས་གཅིག་ཉིན་རྩ་ཁྲིམས་གཏན་འབེབས་ཚོགས་ཆེན་གྱི་བྱ་བ་སྒྲུབ་མགོ་བརྩམས་ནས། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཡང་བསྐྱར་གཏན་འབེབས་བྱས་ཏེ། རྒྱལ་ཁབ་ཀྱི་ཞི་བདེ་ལ་སྲུང་སྐྱོབ་དང་རྒྱལ་ནང་གི་གྲོས་མོལ་ལ་ཡར་སྐུལ། དེང་སྐབས་ཀྱི་ཆབ་སྲིད་ཉེན་ཚབ་ཐག་གཅོད་པ་བཅས་བྱེད་རྒྱུ་ཁྱབ་སྒྲོག་བྱས། རྩ་ཁྲིམས་གཏན་འབེབས་ཚོགས་ཆེན་ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་འཚོགས་རྒྱུར་གཏན་ཁེལ་བྱས། ངོ་རྒོལ་ཏང་མཉམ་འབྲེལ་གྱིས་རྩ་ཁྲིམས་གཏན་འབེབས་ཚོགས་ཆེན་ལ་ཞུགས་རྒྱུ་མིན་ཞེས་བཤད་པ་མ་ཟད། གཞི་ཁྱོན་ཆེ་བའི་ཁྲོམ་སྐོར་བྱེད་པ་དང་དམངས་ཡོངས་ཀྱིས་འདེམ་ཤོག་འཕེན་པ་སོགས་ཀྱི་བྱ་འགུལ་རྩ་འཛུགས་བྱས་ཏེ་ངོ་རྒོལ་བྱས།

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་ཟླ་བདུན་པའི་ཚེས་བཅུ་བདུན་ཉིན་གསལ་སྒྲོག་ཅིག་སྤེལ་ནས་བཤད་རྒྱུར། གལ་ཏེ་ཝེ་ནེ་ཙུའེ་ལའི་སྲིད་གཞུང་གིས་ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་རྩ་ཁྲིམས་གཏན་འབེབས་ཚོགས་ཆེན་གྱི་འདེམ་བསྐོ་བསྡུས་ན། ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལར་མྱུར་ཞིང་བཙན་པའི་དཔལ་འབྱོར་གྱི་བྱེད་ཐབས་སྤྱོད་རྒྱུ་ཡིན་ཟེར།

ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལོ་ཡིས་ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། ཝེ་ནེ་ཙུའེ་ལས་ཨ་མེ་རི་ཁས་བསླངས་པའི་བཀག་སྡོམ་འཇིགས་སྣང་ལ་མཐའ་གཅིག་ཏུ་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར། ཝེ་ནེ་ཙུའེ་ལའི་ཙུང་ཐུང་གཞོན་པ་ཨེ་སཱ་མུས་ཀྱིས་ཚེས་བཅུ་དགུ་ཉིན་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་ཁྱབ་སྒྲོག་བྱས་དོན། དཔལ་འབྱོར་དང་ཆབ་སྲིད། ཕྱི་འབྲེལ་བཅས་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་བཀག་སྡོམ་འཇིགས་སྣང་ལ་ཁ་གཏད་འཇལ་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།