ཕ་ཁི་སི་ཐན་གྱིས་ལཱ་ཧར་འཇིགས་སྐུལ་འཇབ་རྒོལ་ཁྲོད་དུ་གནོད་པ་ཐེབས་མཁན་ལ་འཚམས་འདྲིའི་སྒོར་མོ་སྟེར་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕ་ཁི་སི་ཐན་གྱི་ཕང་ཀྲིག་ཕུའུ་ཞིང་ཆེན་སྲིད་གཞུང་གིས་ཚེས་ཉེར་ལྔ་ཉིན་ཞིང་ཆེན་དེས་ལྟེ་གནས་གྲོང་ཁྱེར་ལཱ་ཧར་ནས་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་ཁྲོད་ཀྱི་གནོད་པ་ཐེབས་མཁན་ལ་འཚམས་འདྲིའི་སྒོར་མོ་སྟེར་རྒྱུ་ཡིན་ཞེས་བསྒྲགས།

ས་དེའི་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཕང་ཀྲིག་ཕུའུ་ཞིང་ཆེན་སྲིད་གཞུང་གིས་ཉིན་དེར་ལཱ་ཧར་འཇིགས་སྐུལ་དོན་རྐྱེན་ཁྲོད་ཀྱི་འདས་པོ་རེའི་ཁྱིམ་མི་ལ་རུ་པི་ཤོག་སྒོར་ས་ཡ་གཉིས་ཀྱི་འཚམས་འདྲིའི་སྒོར་མོ་སྟེར་རྒྱུ་དང་། རྨས་མ་ལྕི་མོ་དང་རྨས་མ་ཡང་མོར་སོ་སོར་རུ་པི་ཤོག་སྒོར་ས་ཡ་གཅིག་དང་འབུམ་གསུམ་གྱི་འཚམས་འདྲིའི་སྒོར་མོ་སྟེར་རྒྱུའི་ཐག་བཅད་ཟེར།

ཕང་ཀྲིག་ཕུའུ་ཞིང་ཆེན་གྱི་དབུ་བཞུགས་པུའུ་ཀྲང་ཞ་པ་ཙི་དང་ཕ་ཁི་སི་ཐན་སྐམ་དམག་གི་ཇུས་འདོན་དཔོན་པོ་པ་ཅེ་ཝ་གཉི་ག་ཚེས་ཉེར་ལྔ་ཉིན་སྨན་ཁང་དུ་སོང་ནས་རྨས་མར་འཚམས་འདྲི་བྱས། ཞ་པ་ཙི་ཡིས་ནག་ཉེས་བཟོ་མཁན་ལ་ཁྲིད་ཆད་གཅོད་རྒྱུ་ཡིན་ཞེས་བཤད་པ་དང་། པ་ཅེ་ཝ་ཡིས་འཇིགས་སྐུལ་འཇབ་རྒོལ་གྱིས་འཇིགས་སྐུལ་རིང་ལུགས་རྩ་མེད་དུ་གཏོང་བའི་ཆོད་སེམས་བསྒྱུར་མི་ཐུབ་ཅེས་བཤད། 

ས་ཉེར་བཞི་ཉིན་གྱི་ཕྱི་དྲོར། འཇབ་རྒོལ་བ་ཞིག་ལཱ་ཧར་གྲོང་ཁུལ་ནས་འཕྲུལ་རྟར་ཞོན་ནས་ལམ་འགྲམ་གྱི་ཉེན་རྟོག་པའི་ཕྱོགས་སུ་མཆོངས་པ་མ་ཟད་འགས་གཏོར་དོན་རྐྱེན་བཟོས། ཕ་ཁི་སི་ཐན་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། དོན་རྐྱེན་དེའི་ཁྲོད་ནས་ཉུང་མཐར་ཡང་མི་ཉེར་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་ང་བདུན་ལ་རྨས་ཕོག་ཟེར། ཕ་ཁི་སི་ཐན་གྱི་ཐ་ལེ་པན་དྲག་ཆས་རྩ་འཛུགས་ཀྱི་ཁོངས་གཏོགས་རྩ་འཛུགས་ཤིག་གིས་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁྱབ་སྒྲོག་བྱས་པ་མ་ཟད། འཇབ་རྒོལ་བ་ནི་ལོ་བཅུ་གསུམ་ཅན་གྱི་བྱིས་པ་ཞིག་ཡིན་ཞེས་བསྒྲགས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།