ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་ཨའེ་ཨར་ཏོ་ཨན་ཚེས་ཉེར་གསུམ་ཉིན་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་ལྷོ་ནུབ་ཕྱོགས་ཀྱི་མཚོ་ཁའི་གྲོང་ཁྱེར་ཅི་ཏ་ལ་ཐོན་ནས། སོ་ཏི་ཨ་རབ་སོགས་རྒྱལ་ཁབ་བཞིས་ཁ་ཐར་རྒྱལ་ཁབ་བར་དུ་འབྲེལ་མཚམས་བཅད་པའི་ཉེན་ཚབས་ཐག་གཅོད་པིའ་ཐད་ནས་བར་འདུམ་བྱས།
སི་ཏོ་ཨ་རབ་གསར་འགྱུར་ཁང་གིས་བཀོད་པའི་གསར་འགྱུར་ལྟར་ན། ཨའེ་ཨར་ཏོ་ཨན་ཅི་ཏ་ལ་འབྱོར་རྗེས་མྱུར་དུ་སི་ཏོ་ཨ་རབ་ཀྱི་རྒྱལ་པོ་སཱ་ལེ་མན་ལ་གྲོས་མོལ་བྱས། ཁོས་ད་དུང་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་མུའུ་ཧན་མཱོ་ཏི་ལ་ཁ་ཐར་བར་དུ་འབྲེལ་མཚམས་བཅད་པའི་ཉེན་ཚབས་ཐད་ནས་གྲོས་མོལ་བྱེད་རྒྱུ་རེད་ཟེར།
སོ་ཏི་ཨ་རབ་ལ་མ་སོང་གོང་། ཨའེ་ཨར་ཏོ་ཨན་གྱིས་གསར་འགྱུར་ལས་ཁུངས་ལ་བཤད་རྒྱུར། ཁ་ཐར་གྱི་ཉེན་ཚབས་ཛ་དྲག་ཏུ་གྱུར་ན་ཕྱོགས་གང་ལ་ཡང་བཟང་ཆ་མེད་པས། ཐུར་ཁེས་ཁ་ཐར་བར་དུ་འབྲེལ་མཚམས་བཅད་པའི་ཉེན་ཚབས་དེ་མྱུར་དུ་ཐག་གཅོད་པར་རྒྱབ་སྐྱོར་བྱེད་པ་ཡིན་ཟེར། ཁོས་ད་དུང་ཁ་ཐར་གྱིས་ཉེན་ཚབས་དེའི་ཁྲོད་ནས་རང་ཚོད་འཛིན་པ་དང་བརྟན་བརླིང་གི་ལངས་ཕྱོགས་བར་གཟེངས་བསྟོད་བྱས་པ་དང་། ཁ་ཐར་གྱིས་གྲོས་མོལ་བྱས་ཏེ་འགལ་བ་ཐག་གཅོད་པར་ལྷག་བསམ་རྣམ་དག་གིས་འབད་བརྩོན་བྱས་ཡོད་ཅེས་བཤད།
སོ་ཏི་ཨ་རབ་ལ་འཚམས་འདྲི་བྱས་རྗེས། ཨའེ་ཨར་ཏོ་ཨན་ད་དུང་ཁོ་ཝེ་ཐི་དང་ཁ་ཐར་ལ་སོང་ནས་བར་འདུམ་བྱེད་རྒྱུ་རེད།
ཟླ་དྲུག་པའི་ཚེས་ལྔ་ཉིན། སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་རྒྱལ་ཁབ་ཚོ་དཔོན་རྒྱལ་ཁབ། པ་རེན། ཨེ་ཅིབ་བཅས་རྒྱལ་ཁབ་བཞི་ཡིས་ཁ་ཐར་གྱིས་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱས་པ་དང་ས་ཁུལ་གྱི་བདེ་འཇགས་ལ་གཏོར་བརླག་བྱས་པ་རྒྱུ་མཚན་དུ་བྱས་ནས། ཁ་ཐར་བར་དུ་འབྲེལ་མཚམས་བཅད་པ་ཁྱབ་སྒྲོག་བྱས་པ་མ་ཟད། ཁ་ཐར་ལ་དངོས་པོ་སྐྱེལ་འདྲེན་བྱེད་མཚམས་འཇོག་ཏུ་བཅུག ཟླ་དྲུག་པའི་ཚེས་ཉེར་གསུམ་ཉིན། རྒྱལ་ཁབ་བཞིས་ཁོ་ཝེ་ཐི་བརྒྱུད་དེ་ཁ་ཐར་ལ་ཉེན་ཚབས་ཐག་གཅོད་པའི་རེ་བ་བཅུ་གསུམ་བཀོད་པའི་ཡིག་ཆ་སྤྲད། ཁ་ཐར་གྱིས་རེ་བ་དེ་དག་ལ་ལན་བཏབ་པར་རྒྱལ་ཁབ་བཞི་པོ་ཡིད་མ་ཚིམས་པ་དང་། རྒྱལ་ཁབ་བཞིས་མུ་མཐུད་དུ་ཁ་ཐར་ལ་བཀག་སྡོམ་བྱེད་རྒྱུ་ཡིན་ཞེས་བསྟན།