ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁི་ལན་གྱི་ཙུང་ཐུང་གིས་ཏོན་པ་སི་ས་ཁུལ་ནས་མྱུར་དུ་དམག་འཁྲུག་མཚམས་འཇོག་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝུའུ་ཁི་ལན་གྱི་ཙུང་ཐུང་པོ་ལོ་ཧྲིན་ཁོ་ཡིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། ཟླ་འདིའི་ཚེས་ཉེར་བཞི་ཉིན་བསྡུ་རྒྱུ་ཡིན་པའི་ནོ་མན་ཏེའི་ཕྱོགས་བཞིའི་མགོ་ཁྲིད་པའི་ཁ་པར་གྲོས་མོལ་སྟེང་། ཁོས་འབྲེལ་ཡོད་ཕྱོགས་སོ་སོས་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཏོན་པ་སི་ས་ཁུལ་ནས་མྱུར་དུ་དམག་འཁྲུག་མཚམས་འཇོག་ཏུ་འཇུག་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་འདོན་རྒྱུ་ཡིན་ཟེར།

པོ་ལོ་ཧྲིན་ཁོ་ཡིས་བཤད་རྒྱུར། མེན་སི་ཁོའི་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་ལྟར་ན་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་འཁྲུག་རྩོད་གནད་དོན་ཐག་གཅོད་པ་ནི་མིག་སྔའི་ཐབས་ལམ་ཉག་གཅིག་ཡིན། གལ་ཏེ་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་འཁྲུག་རྩོད་བྱུང་ས་ནས་མྱུར་དུ་དམག་འཁྲུག་མཚམས་འཇོག་མ་ཐུབ་ན། ཁོས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཨུ་རུ་སི་ལ་བཀག་སྡོམ་བྱེད་པར་ཤུགས་སྣོན་རྒྱུའི་འབོད་སྐུལ་གཏོང་རྒྱུ་ཡིན་ཟེར།

ཝུའུ་ཁི་ལན་གྱི་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཉེ་སྔོན་བསྒྲགས་རྒྱུར། ཧྥ་རན་སིས་བར་འདུམ་བྱས་པ་བརྒྱུད་དེ། འཇར་མན་དང་ཧྥ་རན་སི། ཨུ་རུ་སི་དང་ཝུའུ་ཁི་ལན་བཅས་ཀྱིས་གྲུབ་པའི་ནོ་མན་ཏེའི་ཕྱོགས་བཞིའི་མགོ་ཁྲིད་པ་ཟླ་བདུན་པའི་ཚེས་ཉེར་བཞི་ཉིན་ཏོན་པ་སི་ས་ཁུལ་གྱི་འཁྲུག་རྩོད་ཐད་ཀྱི་ཁ་པར་གྲོས་མོལ་བསྡུ་བར་འཐད་པ་བྱུང་ཟེར།

བསྟུད་མར་ཉིན་འགའི་རིང་ལ། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་གནས་བབ་ཡང་བསྐྱར་ཛ་དྲག་ཏུ་གྱུར་བ་དང་། དམག་འཁྲུག་རྒྱག་པའི་ཕྱོགས་གཉི་གས་མེན་སི་ཁོའི་དམག་འཁྲུག་མཚམས་འཇིག་པའི་གྲོས་ཆོད་ཁྲོད་དུ་གཏན་འགོག་བྱས་པའི་མཚོན་ཆ་དྲག་པོའི་རིགས་བཀོལ། ཝུའུ་ཁི་ལན་རྒྱལ་སྲུང་པུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཟླ་འདིའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གཉིས་ཉིན་བར། ཉུང་མཐར་ཡང་ཝུའུ་ཁི་ལན་སྲིད་གཞུང་གི་དམག་མི་བཅུ་གསུམ་འཁྲུག་རྩོད་ཁྲོད་ནས་རྐྱེན་ལམ་དུ་ཤོར་ཟེར། འདི་ནི་ཟླ་འགའི་རིང་མཐོང་དཀོན་པའི་གནས་ཚུལ་ཞིག་རེད།

ཝུའུ་ཁི་ལན་གྱི་མི་རྣམས་ཀྱིས་ཡོངས་ཁྱབ་ཏུ་བལྟས་ན། ཚེས་ཉེར་བཞི་ཉིན་གྱི་ཁ་པར་གྲོས་མོལ་གྱིས་ཚད་ངེས་ཅན་ཞིག་གི་སྟེང་ནས་ཝུའུ་ཁི་ལན་ཤར་ཕྱོགས་འཁྲུག་རྩོད་ཚབས་ཇེ་ཆེར་འགྲོ་བར་བཀག་འགོག་བྱེད་ཐུབ་མོད། ཡིན་ནའང་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་འཁྲུག་རྩོད་བྱུང་སའི་བདེ་འཇགས་ལ་ཁག་ཐེག་བྱེད་པ་དང་། ཕྱོགས་གཉིས་ཀྱིས་བཟུང་དམག་བརྗེ་རེས་བྱེད་པ། འཁྲུག་རྩོད་བྱུང་སའི་ཝུའུ་ཁི་ལན་དང་ཨུ་རུ་སིའི་མཐའ་མཚམས་ཀྱི་བདག་དབང་། དམངས་ཁྲོད་དྲག་ཆས་རྩ་འཛུགས་ཀྱིས་ཚོད་འཛིན་བྱས་པའི་ས་གནས་ཀྱི་འདེམ་བསྐོ་སོགས་གནད་འགག་གི་གནད་དོན་ཐད་ནས་བརྒལ་གཏོར་རང་བཞིན་གྱི་འཕེལ་རིམ་ལེན་དཀའ་བར་འདོད་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།