ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོའི་འདོད་ཞབས་མའི་དྲན་གསོའི་ཉིན་མོ་གཏན་ཁེལ་བྱ་རྩིས་བྱས་པ་དང་འཇར་པན་གྱི་དཔོན་རིགས་ཀྱིས་དེར་ངོ་རྒོལ་དྲག་པོ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་ཉི་ཤུའི་ཉིན་བཤད་རྒྱུར། ཁོ་ཚོས་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཧན་གོར་འབྲེལ་འདྲིས་བྱས་ཏེ། ཧན་གོ་སྲིད་གཞུང་གིས་འདོད་ཞབས་མའི་དྲན་གསོའི་ཉིན་མོ་གཏན་ཁེལ་བྱེད་པའི་འཆར་གཞི་ལ་ངོ་རྒོལ་བྱས་པ་ཡིན་ཟེར།

ཧན་གོའི་སྲིད་གཞུང་གིས་ཚེས་བཅུ་དགུ་ཉིན་མ་འོངས་པའི་ལོ་ལྔའི་རྒྱལ་ཁབ་སྲིད་ཇུས་ཀྱི་འགུལ་སྐྱོད་འཆར་གཞི་སྤེལ་བ་དང་། དེའི་ནང་དུ་ཉིས་སྟོང་བཅོ་བརྒྱད་ལོར་འདོད་ཞབས་མའི་དྲན་གསོའི་ཉིན་མོ་གཏན་ཁེལ་བྱ་རྒྱུ་ཡིན་པ་དང་། ཉིས་སྟོང་བཅུ་དགུ་ལོར་ཆེད་དོན་ལས་ཁུངས་བཙུགས་ཏེ་འདོད་ཞབས་མའི་གནད་དོན་ལ་ཞིབ་འཇུག་བྱ་རྒྱུ་ཡིན་ལ། ཉིས་སྟོང་ཉི་ཤུ་ལོར་འདོད་ཞབས་མའི་དངོས་མང་བཤམས་སྟོན་ཁང་འཛུགས་རྒྱུ་ཡིན་ཞེས་བཤད་ཡོད།

ཧན་གོ་རུ་སྡོད་པའི་འཇར་པན་གྱི་ཕྱི་འབྲེལ་དཔོན་རིགས་ཀྱིས་དེར་ངོ་རྒོལ་བྱས་ཏེ། འཇར་པན་གྱིས་འདོད་ཞབས་མའི་གནད་དོན་དེའི་ཕྱོགས་སུ་གོང་འཕེལ་དུ་འགྲོ་བ་དང་ལེན་མི་བྱེད་ཅེས་བཤད། འཇར་པན་གྱི་ཐུན་མོང་གསར་འགྱུར་ཁང་གིས་འཇར་པན་ཕྱི་དོན་ཁང་གི་དཔོན་རིགས་ཤིག་གི་སྐད་ཆ་དྲངས་པ་ལྟར་ན། འཇར་པན་དང་ཧན་གོ་གཉི་གས་མ་འོངས་པའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གོང་འཕེལ་དུ་གཏོང་རྩིས་ཡོད་པའི་སྐབས་འདིར། ཧན་གོ་ཕྱོགས་ཀྱིས་འདས་ཟིན་པའི་དོན་དག་གླེང་བ་དེར་ང་ཚོ་གཏན་ནས་མི་འཐད་ཅེས་བཤད་ཟེར།

འཇར་པན་གྱི་ཕྱི་འབྲེལ་དཔོན་རིགས་ཀྱིས་ད་དུང་ཧན་གོའི་ཕྱི་འབྲེལ་དཔོན་པོ་ཁང་ཅིན་ཧི་ཡིས་ཉེ་སྔོན་སྤེལ་བའི་གཏམ་བཤད་ལ་མི་དགའ་བའི་ཚུལ་བསྟན། ཁང་ཅིན་ཧི་ཡིས་ཚེས་བཅུ་དགུ་ཉིན་ཀྲུང་དབྱང་ཉིན་རེའི་ཚགས་པར་གྱི་བཅར་འདྲི་དང་ལེན་བྱེད་སྐབས། གལ་ཏེ་འཇར་པན་ཕྱོགས་ཀྱིས་ཧྥོ་ཧྲན་ན་ཡོད་པའི་འཇར་པན་གྱི་གཞུང་ཚབ་ཁང་བསྣུར་དགོས་པའི་རེ་བ་བཏོན་ན། ཧན་གོ་བས་གནས་གསར་བའི་འགྲམ་དུ་འདོད་ཞབས་མའི་འཇིམ་བརྙན་ཞིག་བཟོ་རྒྱུ་ཡིན་ཞེས་བཤད། ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཅུ་གཉིས་པར། དམངས་ཁྲོད་ཚོགས་པས་ཧན་གོའི་གྲོང་ཁྱེར་ཆེན་པོ་གཉིས་པ་ཧྥོ་ཧྲན་ན་ཡོད་པའི་འཇར་པན་གཞུང་ཚབ་ཁང་གི་སྒོ་མདུན་དུ་འདོད་ཞབས་མ་ཞིག་གི་འཇིམ་བརྙན་བཞག་པ་དང་། འཇར་པན་གྱིས་འཇིམ་བརྙན་དེ་མྱུར་དུ་ས་གཞན་ལ་བསྣུར་དགོས་པའི་རེ་བ་བཏོན་པ་མ་ཟད། རེ་ཞིག་ཧན་གོ་རུ་སྡོད་པའི་འཇར་པན་གྱི་གཞུང་ཚབ་ཆེན་མོ་ཕྱིར་རྒྱལ་ནང་དུ་བོས་ཏེ་ངོ་རྒོལ་བྱས།

འདོད་ཞབས་མའི་གནད་དོན་དེས་ལོ་བཅུ་ཕྲག་འགའི་རིང་ལ་ཧན་གོ་དང་འཇར་པན་གྱི་འབྲེལ་བ་གོང་འཕེལ་དུ་གཏོང་བར་བར་ཆད་བཟོ་བཞིན་ཡོད། ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། ཧན་གོ་དང་འཇར་པན་སྲིད་གཞུང་གིས་གློ་བུར་དུ་འདོད་ཞབས་མའི་གནད་དོན་ཐད་ནས་མཐའ་མཇུག་དང་ལྡོག་ཐབས་མེད་པའི་གྲོས་ཆོད་བཀོད་པ་ཡིན་ཞེས་བསྒྲགས། འཇར་པན་ཕྱོགས་ཀྱིས་འཇར་སྒོར་ཐེར་འབུམ་གཅིག་གི་སེམས་གསོའི་གྲོན་དངུལ་བྱིན་ནས། ཧན་གོས་ཧན་གོ་རུ་སྡོད་པའི་འཇར་པན་གཞུང་ཚབ་ཁང་མདུན་གྱི་འདོད་ཞབས་མའི་འཇིམ་བརྙན་མྱུར་དུ་ས་གཞན་ལ་བསྣུར་དགོས་པ་དང་། ཕྱོགས་གཉིས་ཀྱིས་རྒྱལ་སྤྱིའི་སྟེང་འདོད་ཞབས་མའི་གནད་དོན་ཐད་ནས་ཕན་ཚུན་ལ་སྐྱོན་བརྗོད་མི་བྱེད་རྒྱུའི་རེ་བ་བཏོན། གྲོས་ཆོད་དེར་ཧན་གོ་ནས་ངོ་རྒོལ་དྲག་པོ་ཐེབས་པ་དང་། འདོད་ཞབས་མའི་འཇིམ་བརྙན་བཟོས་པའི་ཧན་གོའི་དམངས་ཁྲོད་ཚོགས་པས་འཇིམ་བརྙན་གནས་གཞན་པ་གཏན་ནས་མ་བསྣུར།

ཝུན་ཙེ་དབྱིན་གྱིས་ཧན་གོའི་ཙུང་ཐུང་གི་འགན་འཁུར་བའི་སྐབས་སུ། འཇར་པན་དང་ཧན་གོའི་འདོད་ཞབས་མའི་གྲོས་ཆོད་དེ་དང་ལེན་མི་བྱེད་ཅེས་བཤད་མྱོང་། ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན། ཝུན་ཙེ་དབྱིན་གྱིས་འཚམས་འདྲིར་ཡོང་བའི་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱི་ཆེད་མངགས་ཕོ་ཉ། རང་དབང་དམངས་གཙོ་ཏང་གི་ལས་འཛིན་དཔོན་པོ་ཨར་ཅེ་ཅུན་པོ་ལ་ཐུག་འཕྲད་བྱེད་སྐབས། གོང་གི་ལངས་ཕྱོགས་དེ་ཡང་བསྐྱར་གསལ་བོར་བསྟན་པ་མ་ཟད། འཇར་པན་གྱིས་དེའི་ཐད་ནས་མཉམ་ལས་དང་རྒྱུས་ལོན་བྱེད་རྒྱུའི་རེ་བ་བཏོན།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།