ཀྲུང་གོ་བོད་ཀྱི་དྲ་བ།

ཕ་ཁི་སི་ཐན་དམག་ཕྱོགས་ཀྱིས་རྒྱ་གར་གྱི་དམག་མིས་ཁི་ཧྲི་མུས་ཨར་ས་ཁུལ་ནས་ཕ་ཁི་སི་ཐན་གྱི་མི་སེར་ལ་མེ་མདས་བརྒྱབ་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། རྒྱ་གར་གྱི་དམག་དཔུང་གིས་ཉིན་དེར་ཁི་ཧྲི་མུས་ཨར་ས་ཁུལ་གྱི་ཕ་ཁི་སི་ཐན་དང་རྒྱ་གར་གྱི་མཐའ་མཚམས་ནས་ཕ་ཁི་སི་ཐན་ཕྱོགས་ལ་མེ་མདས་བརྒྱབ་སྟེ། ཕ་ཁི་སི་ཐན་གྱི་མི་སེར་གཅིག་བསད་པ་དང་། མི་བཞི་རྨས། ཕ་ཁི་སི་ཐན་དམག་ཕྱོགས་ཀྱིས་དེར་རྒོལ་ལན་སྤྲད་པ་ཡིན་ཟེར།

ཕ་ཁི་སི་ཐན་གྱི་དམག་གསུམ་གསར་འགྱུར་ཁང་གིས་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། རྒྱ་གར་གྱི་དམག་མིས་ཉིན་དེར་ཁི་ཧྲི་མུས་ཨར་ས་ཁུལ་གྱི་ཕ་ཁི་སི་ཐན་དང་རྒྱ་གར་གྱི་མཐའ་མཚམས་ཀྱི་ཅི་ཁི་ཐི་དང་ལེ་ཕ་ཞེས་པའི་ས་ཆ་ནས་ཕ་ཁི་སི་ཐན་ཕྱོགས་ཀྱི་མི་སེར་ལ་མེ་མདས་བརྒྱབ་སྟེ། བྱིས་པ་གཅིག་བསད་པ་དང་། མི་བཞི་རྨས། ཕ་ཁི་སི་ཐན་གྱི་དམག་མིས་རྒྱ་གར་གྱི་དམག་མི་ལ་རྒོལ་ལན་སྤྲད་དེ། རྒྱ་གར་གྱི་དམག་མི་གསུམ་བསད་པ་དང་། མི་མང་པོ་རྨས་པ་དང་མཉམ་དུ། རྒྱ་གར་གྱི་དམག་མིའི་སོ་ལྟ་ཁང་གསུམ་རྡུལ་དུ་བརླགས་ཟེར།

གསལ་སྒྲོག་ནང་བཤད་རྒྱུར། ཉེ་སྔོན་ཕ་ཁི་སི་ཐན་དམག་ཕྱོགས་ཀྱིས་རྒོལ་ལན་སྤྲད་པས། རྒྱ་གར་གྱི་དམག་མི་ལ་ཤི་རྨས་བྱུང་བ་དང་རྒྱུ་ནོར་གྱི་གྱོང་གུད་ཐེབས་པ་ཚབས་ཆེ་མོད། ཡིན་ནའང་རྒྱ་གར་གྱི་དམག་མིས་སྔར་བཞིན་ཕྱོགས་གཉིས་ཀྱི་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་དང་རྒྱབ་འགལ་བྱས། རྗེས་ཕྱོགས་ཕ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཕ་ཁི་སི་ཐན་གྱི་མི་སེར་ལ་ཧུར་ཐག་གིས་སྲུང་སྐྱོབ་བྱས་ཏེ། རྒྱ་གར་གྱི་དམག་མིའི་འཇབ་རྒོལ་ལ་འོས་འཚམ་གྱི་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར།

ཕ་ཁི་སི་ཐན་ཕྱི་འབྲེལ་པུའུ་ཡིས་ཚེས་ཉི་ཤུའི་ཉིན་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། ཕ་ཁི་སི་ཐན་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་ཕ་ཁི་སི་ཐན་དུ་སྡོད་པའི་རྒྱ་གར་གྱི་མཐོ་རིམ་ཆེད་མི་གཞོན་པ་ཞིན་ཀི་བོས་ཏེ། རྒྱ་གར་གྱིས་ཚེས་བཅུ་ཉིན་ཁི་ཧྲི་མུས་ཨར་ས་ཁུལ་གྱི་མཐའ་མཚམས་ཉེ་འདབས་ནས་ཕ་ཁི་སི་ཐན་ཕྱོགས་ལ་སྒྱོགས་མདེལ་འཕངས་པར་རྒོལ་གཏམ་བཏང་བ་ཡིན་ཟེར། གསལ་སྒྲོག་ནང་དུ་བཤད་རྒྱུར། ད་ལོར་རྒྱ་གར་གྱིས་ཁི་ཧྲི་མུས་ཨར་ས་ཁུལ་གྱི་མཐའ་མཚམས་ནས་ཐེངས་ལྔ་བརྒྱ་དང་གོ་བཞི་ལ་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་ལ་རྒྱབ་འགལ་བྱས།

གཅིག་སྟོང་དགུ་བརྒྱ་ཞེ་བདུན་ལོར་ཕ་ཁི་སི་ཐན་དང་རྒྱ་གར་གཉིས་ཀྱིས་ཁི་ཧྲི་མུས་ཨར་ས་ཁུལ་ལོ་སོ་སོར་དབང་སྒྱུར་བྱས་རྗེས། ཕ་ཁི་སི་ཐན་དང་རྒྱ་གར་བར་དུ་ཁི་ཧྲི་མུས་ཨར་ས་ཁུལ་རྩོད་པའི་དམག་འཁྲུག་ཐེངས་གཉིས་བྱུང་། ཉིས་སྟོང་གསུམ་ལོར། ཕྱོགས་གཉིས་ཀྱིས་ཁི་ཧྲི་མུས་ཨར་གྱི་མཐའ་མཚམས་ནས་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་བཀོད། ཉེ་བའི་ལོ་འགའི་རིང་ལ། ཁི་ཧྲི་མུས་ཨར་ས་ཁུལ་གྱི་སྤྱིའི་གནས་བབ་ཞི་འཇགས་ཡིན་ནའང་། ཕྱོགས་གཉིས་བར་དུ་མཚམས་ལ་རེར་འགལ་བ་འབྱུང་བཞིན་ཡོད། ཟླ་འདིའི་ནང་དུ་ཕྱོགས་གཉིས་བར་དུ་མཐའ་མཚམས་ས་ཁུལ་ནས་འཁྲུག་རྩོད་མང་དུ་བྱུང་སྟེ་མི་མང་པོ་ཤི་རྨས་བཟོས། ཕྱོགས་གཉི་གས་ཕ་རོལ་བས་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་ལ་རྒྱབ་འགལ་བྱས་པར་སྐྱོན་འཛུགས་བྱས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།