ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལང་གི་ཙུང་ཐུང་ལུའུ་ཧ་ཉི་ཡིས་ཨ་མེ་རི་ཁའི་བཀག་སྡོམ་ལ་ཕྱིར་རྒོལ་ལན་སྤྲོད་ངེས་ཡིན་ཞེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལང་གི་ཙུང་ཐུང་ལུའུ་ཧ་ཉི་ཡིས་ཚེས་བཅུ་དགུ་ཉིན་ནང་སྲིད་ཁང་གི་གྲོས་ཚོགས་སྟེང་བཤད་རྒྱུར། ཨ་མེ་རི་ཁས་ཉེ་ལམ་ཁྱབ་སྒྲོག་བྱས་པའི་དབྱི་ལང་གི་བཀག་སྡོམ་གསར་བའི་བྱེད་ཐབས་ལ་དམིགས་ཏེ། དབྱི་ལང་གིས་ཕྱིར་རྒོལ་ལན་སྤྲོད་ངེས་ཡིན་ཟེར།

ལུའུ་ཧ་ཉི་ཡིས་ནན་གྱིས་བསྟན་དོན། ཨ་མེ་རི་ཁའི་སྒྲུབ་སྟངས་ཀྱིས་དབྱི་ལང་གི་ཉིང་རྡུལ་གནད་དོན་སྐོར་གྱི་ཁྱོན་ཡོངས་ཀྱི་གྲོས་མཐུན་དང་འགལ་ཡོད། ཨ་མེ་རི་ཁས་རྣམ་པ་གང་རུང་ལ་ཁ་གཡར་ནའང་དབྱི་ལང་ལ་བཀག་སྡོམ་བྱས་པ་ཡིན་པས། ང་ཚོས་འོས་འཚམ་སྒོས་དེ་ལ་རྒོལ་ལན་སྤྲོད་ངེས་ཡིན་ཟེར།

ཉིན་དེར་དབྱི་ལང་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། དབྱི་ལང་གིས་དབྱི་ལང་དང་དེ་མིན་ས་གནས་རང་གི་མུའུ་སི་ལིན་གྱི་རྒྱལ་ཁབ་གཞན་དག་དགྲ་རུ་འཛིན་པའི་བྱེད་ཐབས་སྤྱད་པའི་རྩ་འཛུགས་དང་མི་སྒེར་ལ་བཀག་སྡོམ་གསར་བ་ལག་བསྟར་བྱེད་ངེས་ཡིན་ཟེར།

ཨ་མེ་རི་ཁའི་ནོར་སྲིད་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་བཅོ་བརྒྱད་ཉིན་ཁྱབ་སྒྲོག་བྱས་དོན། དབྱི་ལང་གི་མི་སྒེར་དང་ཚོགས་པ་བཅོ་བརྒྱད་ལ་བཀག་སྡོམ་ལག་བསྟར་བྱེད་པའི་རྒྱུ་མཚན་ནི་ཁོ་ཚོས་དབྱི་ལང་གི་འཕུར་ལམ་འཕུར་མདའི་འཆར་གཞི་དང་རྒྱལ་ཁོངས་བརྒལ་བའི་ནག་ཉེས་སོགས་བྱ་སྤྱོད་ལ་རྒྱབ་སྐྱོར་བྱས་པས་ཡིན། བཀག་སྡོམ་བྱས་པའི་མི་སྒེར་དང་ཚོགས་པའི་ཨ་མེ་རི་ཁ་ནང་ཁུལ་གྱི་རྒྱུ་ནོར་བཀག་སྡོམ་བྱེད་རྒྱུ་ཡིན་པ་དང་། དེ་དང་མཉམ་དུ་ཨ་མེ་རི་ཁ་བས་དེ་དང་བརྗེ་རེས་དང་འགྲོ་འོང་བྱེད་མཚམས་འཇོག་ཏུ་བཅུག་པ་ཡིན་ཟེར།

ཨ་མེ་རི་ཁས་དབྱི་ལང་ལ་བཀག་སྡོམ་གསར་བའི་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས་པའི་སྔོན་ཉིན་ལ། ཐི་ལང་ཕུའུ་སྲིད་གཞུང་གིས་བཤད་རྒྱུར། རྒྱལ་ཚོགས་ཀྱིས་དབྱི་ལང་གིས་དབྱི་ལང་ཉིང་རྡུལ་གནད་དོན་སྐོར་གྱི་ཁྱོན་ཡོངས་ཀྱི་གྲོས་མཐུན་ནང་གི་ཁས་ལེན་དམ་བཅའ་ལག་བསྟར་བྱེད་བཞིན་ཡོད་པ་བདེན་དཔང་བྱས། ཡིན་ནའང་ཉིན་དེར་ཕོ་བྲང་དཀར་པོའི་མཐོ་རིམ་དཔོན་རིགས་ཤིག་གིས་དབྱི་ལང་ལ་གྲོས་མཐུན་ལག་བསྟར་བྱེད་པའི་རྣམ་འགྱུར་མེད་པར་རྒོལ་གཏམ་བཏང་བར་མ་ཟད། ཕོ་བྲང་དཀར་པོས་སྔར་ལས་ཆེ་བའི་ཁྱབ་ཁོངས་སུ་དབྱི་ལང་གི་བྱ་སྤྱོད་ངན་པར་གནོན་ཤུགས་སྟེར་བར་བསམ་གཞིགས་བཏང་བ་ཡིན་ཞེས་བཤད།

ཉིས་སྟོང་བཅོ་ལྔ་ལོའི་ཟླ་བདུན་པར། དབྱི་ལང་གིས་དབྱི་ལང་ཉིང་རྡུལ་གནད་དོན་སྐོར་ནས་ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། ཨུ་རུ་སི། ཀྲུང་གོ། འཇར་མན་བཅས་རྒྱལ་ཁབ་དྲུག་གི་བར་ལ་དབྱི་ལང་ཉིང་རྡུལ་གནད་དོན་སྐོར་གྱི་ཁྱོན་ཡོངས་ཀྱི་གྲོས་མཐུན་བཀོད། གྲོས་མཐུན་ལྟར་ན། དབྱི་ལང་གིས་དབྱི་ལང་ཉིང་རྡུལ་འཆར་གཞི་ལ་ཚོད་འཛིན་བྱེད་དགོས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་ལང་ལ་སྤྱོད་པའི་བཀག་སྡོམ་མེད་པར་གཏོང་དགོས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།