ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལང་གིས་དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ཁུལ་གྱིས་རང་བཙན་འདེམ་ཤོག་འཕེན་པར་ངོ་རྒོལ་བྱེད་པ་བསྐྱར་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཚེས་བཅུ་ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་སྟེང་བསྐྱར་སྒྲོག་བྱས་དོན། དབྱི་ལང་གིས་དབྱི་རག་ཁུའུ་ཨར་ཏི་རང་སྐྱོང་ཁུལ་གྱིས་རང་བཙན་འདེམ་ཤོག་འཕེན་པར་ངོ་རྒོལ་བྱེད་པ་ཡིན་ཟེར།

དབྱི་ལང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པ་ཧི་ལཱ་མུའུ་ཅ་སའེ་མུས་ཀྱིས་ཉིན་དེར་བཤད་རྒྱུར། ཁུའུ་ཨར་ཏི་ས་ཁུལ་ནི་དབྱི་རག་གི་མངའ་ཁོངས་ཤིག་ཡིན་པ་དང་། དབྱི་ལང་ལངས་ཕྱོགས་ལ་རྩ་དོན་རང་བཞིན་ལྡན་ཞིང་འགྱུར་བ་མེད་ལ། དབྱི་རག་གི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་གྲོས་སྡུར་བྱེད་མི་རུང་ཟེར།

ཁོས་དེ་དང་མཉམ་དུ་ནན་གྱིས་བཤད་རྒྱུར། དབྱི་རག་གི་བདག་དབང་ལ་གནོད་སྐྱེལ་བའི་བྱ་སྤྱོད་ཡོད་ཚད་ཀྱིས་ཟིང་འཁྲུག་སློང་སྲིད་པས། དབྱི་ལང་གིས་དེའི་རིགས་ཀྱི་བྱ་སྤྱོད་ཡོད་ཚད་ལ་ངོ་རྒོལ་བྱེད་པ་ཡིན་ཟེར།

དབྱི་རག་གི་ཙུང་ལི་ཨ་པ་ཏེ་ཡིས་ཚེས་དགུ་ཉིན་གྲོང་ཁྱེར་ཆེན་པོ་གཉིས་པ་མཱོ་སུའུ་ཨར་གྱི་གྲོང་ཁུལ་ཡོངས་བཅིངས་འགྲོལ་བྱས་པ་ཡིན་ཞེས་བསྒྲགས་མོད། ཡིན་ནའང་དེ་ནི་དབྱི་རག་གི་སྲིད་གཞུང་དམག་ཁོ་ནའི་བྱས་རྗེས་མིན་པར། དབྱི་རག་མངའ་ཁོངས་སུ་ཡོད་པའི་ཁུའུ་ཨར་ཏི་དྲག་ཆས་རྩ་འཛུགས་སོགས་གཡུལ་འགྱེད་དེའི་ཁྲོད་དུ་ཞུགས་ཏེ་ནུས་པ་ཆེན་པོ་བཏོན་ཡོད། ད་ལོའི་ཟླ་དྲུག་པར། ཁུའུ་ཨར་ཏི་རང་སྐྱོང་ཁུལ་གྱི་ཀྲུའུ་ཞི་མཱ་སུའུ་ཏི་པ་ཨར་ཀྲ་ཉི་ཡིས་ད་ལོའི་ཟླ་དགུ་བའི་ཚེས་ཉེར་ལྔ་ཉིན་ཁུའུ་ཨར་ཏི་རང་སྐྱོང་ཁུལ་རང་བཙན་བྱེད་པའི་གནད་དོན་ཐད་ནས་སྤྱི་དམངས་ལ་འདེམ་ཤོག་འཕེན་དུ་འཇུག་རྒྱུ་ཡིན་ཞེས་བསྒྲགས།

དབྱི་ལང་སྲིད་གཞུང་གིས་ཐེངས་མང་པོར་དེར་ངོ་རྒོལ་བྱས་ཏེ། སྤྱི་དམངས་ཀྱིས་འདེམ་ཤོག་འཕེན་པ་དེ་དབྱི་རག་གི་རྩ་ཁྲིམས་དང་འགལ་ཡོད་ཅེས་བཤད། དབྱི་རག་གི་ཆེས་མཐོའི་གཙོ་འཛིན་ཧ་མཱེ་ནེ་དབྱི་ཡིས་ཀྱང་ཁུའུ་ཨར་ཏི་ས་ཁུལ་རང་བཙན་བྱེད་པར་འདེམ་ཤོག་འཕེན་པ་དེ་ནི་དབྱི་རག་གི་མངའ་ཁོངས་སིལ་བུར་གཏོར་བའི་བྱ་སྤྱོད་ཅིག་ཡིན་པས། དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་ཡིན་ཞེས་བཤད་མྱོང་།

ཁུའུ་ཨར་ཏི་རང་སྐྱོང་ཁུལ་ནི་དབྱི་རག་གི་བྱང་ཕྱོགས་སུ་ཡོད་ལ། དེའི་མངའ་ཁོངས་སུ་ཨེར་པེ་ལེ་དང་སུའུ་ལའེ་མན་ཉི་ཡ། ཏུའུ་ཧུའུ་ཁི་བཅས་ཞིང་ཆེན་གསུམ་ཡོད་པ་དང་། མི་གྲངས་ས་ཡ་ལྔ་ཙམ་ཡོད་ཅིང་། ལྟེ་གནས་གྲོང་ཁྱེར་ཨེར་པེ་ལེ་རུ་ཡོད་ལ། རང་གི་བདེ་སྲུང་དམག་དཔུང་ཡོད་པ་དང་། ལོ་རྒྱུས་སྟེང་དུས་ཡུན་རིང་པོར་རང་བཙན་བྱེད་པའི་འདོད་བློ་བཅངས་མྱོང་། ཡུན་རིང་པོར་ཁུའུ་ཨར་ཏི་རང་སྐྱོང་ཁུལ་དང་དབྱི་རག་ཀྲུང་དབྱང་སྲིད་གཞུང་གི་འབྲེལ་བ་ཛ་དྲག་ཆེ་བ་དང་། ཕྱོགས་གཉིས་བར་དུ་ཞིང་ཆེན་མང་པོའི་བདག་དབང་གི་གནད་དོན་ཐད་ནས་འགལ་བ་ཡོད་ལ། ལྷག་པར་དུ་རྡོ་སྣུམ་མོད་སའི་ཅི་ཨར་ཁུའུ་ཁི་ཞིང་ཆེན་ནི་རྩོད་གཞི་ཆེན་པོར་གྱུར་ཡོད།

ཉིས་སྟོང་བཅུ་བཞི་ལོར། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་སྟོབས་ཤུགས་ཀྱིས་དབྱི་རག་གི་བྱང་ཕྱོགས་དང་ནུབ་ཕྱོགས་ནས་སྟོབས་ཤུགས་ཆེ་རུ་བསྐྱེད་པས། དབྱི་རག་ཀྲུང་དབྱང་སྲིད་གཞུང་གིས་ཁུའུ་ཨར་ཏི་རང་སྐྱོང་ཁུལ་སྲིད་གཞུང་བར་དུ་མཉམ་ལས་བྱས་ཏེ་ཐལ་སྤྱོད་མི་སྣར་མཉམ་དུ་ཆམ་ཕབ་མི་གཏོང་ཐབས་མེད་བྱུང་། མཱོ་སུའུ་ཨར་བཅིངས་འགྲོལ་བྱས་པ་དང་བསྟུན་ནས། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་འཇིགས་སྣང་རིམ་བཞིན་ཇེ་ཆུང་དུ་སོང་ལ། དབྱི་རག་ཀྲུང་དབྱང་སྲིད་གཞུང་དང་ཁུའུ་ཨར་ཏི་རང་སྐྱོང་ཁུལ་སྲིད་གཞུང་བར་གྱི་འགལ་བ་དེ་ཡང་བསྐྱར་མངོན་གསལ་དུ་གྱུར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།