ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དཀར་པོས་རང་བཙན་ཉིན་མོའི་དམག་གཟིགས་མཛད་སྒོ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སི་དཀར་པོས་ཚེས་གསུམ་ཉིན་རྒྱལ་ས་མེན་སི་ཁི་ནས་དམག་གཟིགས་མཛད་སྒོ་རྒྱ་ཆེན་སྤེལ་ཏེ་རང་བཙན་ཉིན་མོར་རྟེན་འབྲེལ་ཞུས།

ཨུ་རུ་སིའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡིས་དམག་གཟིགས་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། ཨུ་རུ་སི་ནི་རང་བཙན་རྒྱལ་ཁབ་ཡིན་པའི་ཆ་ནས་ཞི་བདེ་སྣ་མང་ཅན་གྱི་ཕྱི་ཕྱོགས་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་སོ་སོའི་བར་འདྲ་མཉམ་དང་ཕན་ཚུན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཡོད་ལ། གྲོས་མོལ་ལ་བརྟེན་ནས་རྒྱལ་སྤྱིའི་འཁྲུག་རྩོད་གང་རུང་ཐག་གཅོད་བྱེད་པའི་འདོད་བློ་བཏོན་ཡོད། འབྲེལ་ཡོད་ཀྱི་འཇིགས་ཉེན་ཐག་གཅོད་བྱེད་ཆེད། ཨུ་རུ་སི་དཀར་པོས་རྒྱལ་ཁབ་རང་གི་དམག་དོན་སྟོབས་ཤུགས་འཕེལ་རྒྱས་སུ་མི་གཏོང་ཐབས་མེད་རེད་ཟེར།

ཉིན་དེའི་དམག་གཟིགས་མཛད་སྒོར་དམག་མི་སྟོང་གསུམ་དང་ལྔ་བརྒྱ་ཞུགས་པ་དང་། དམག་གཟིགས་མཛད་སྒོའི་སྟེང་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཀྱི་མཚོན་ཆ་རྙིང་བ་དང་ཨུ་རུ་སི་དཀར་པོའི་འཁྲབ་ལྡན་འཁོར་ལོ་དང་མཁའ་སྲུང་འཕུར་མདའི་མ་ལག་སོགས་སྒྲིག་ཆས་གསར་བ་འགྲེམ་སྟོན་བྱས་པར་མ་ཟད། དམག་གཟིགས་མཛད་སྒོའི་སྟེང་ད་རུང་ཨུ་རུ་སི་དཀར་པོ་རང་ཉིད་ཀྱིས་ཐོན་སྐྱེད་བྱས་པའི་དམངས་བཀོལ་རླངས་འཁོར་འགྲེམ་སྟོན་བྱས།

གཅིག་སྟོང་དགུ་བརྒྱ་ཞེ་བཞི་ལོའི་ཟླ་བདུན་པའི་ཚེས་གསུམ་ཉིན་ཨུ་རུ་སི་དཀར་པོས་འཇར་མན་གྱི་ཧྥ་ཞི་སིའི་བཙན་བཟུང་འོག་བཅིངས་འགྲོལ་བྱས་པ་དང་། གཅིག་སྟོང་དགུ་བརྒྱ་གོ་དྲུག་ལོའི་ལོ་མཇུག་ལ། ཨུ་རུ་སི་དཀར་པོས་དམངས་ཡོངས་ཀྱིས་བརྡས་ཐག་བཅད་དེ། ཉིན་དེ་ཨུ་རུ་སི་དཀར་པོའི་རང་བཙན་ཉིན་མོར་གཏན་འཁེལ་བྱས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།