ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་གི་གྲོས་ཁང་ཚོགས་ཆེན་ནས་རང་གི་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱེད་དགོས་པའི་སྐུལ་མ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་གྲོས་ཁང་གོང་མའི་ཀྲུའུ་ཞི་མཱ་ཐི་ཝེ་ཡན་ཁི་ཡིས་ཚེས་གསུམ་ཉིན་བསྟན་དོན། ཨུ་རུ་སི་ཡིས་ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་གི་གྲོས་ཁང་ཚོགས་ཆེན་ནས་ཐད་ཀར་བྱེད་ཐབས་སྤྱད་དེ་ཨུ་རུ་སིའི་རྩ་འཛུགས་དེའི་ཁྲིམས་མཐུན་ཁེ་དབང་ཡོད་ཚད་སླར་གསོ་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

མཱ་ཐི་ཝེ་ཡན་ཁི་ཡིས་ཉིན་དེར་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཨུ་རུ་སི་ཡིས་མིག་སྔར་ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་ལ་ཚོགས་གྲོན་སྤྲོད་མཚམས་བཞག་ཡོད་པ་དང་། ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་གིས་ཨུ་རུ་སིའི་རྩ་འཛུགས་དེའི་ཁྲིམས་མཐུན་ཁེ་དབང་ཡོད་ཚད་སླར་གསོ་མ་བྱས་གོང་མུ་མཐུད་དུ་ཚོགས་གྲོན་སྤྲོད་མི་སྲིད་ཟེར།

མཱ་ཐི་ཝེ་ཡན་ཁི་ཡིས་ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་ཉམས་ཞན་དུ་འགྱུར་བཞིན་པར་སྐྱོན་འཛུགས་བྱས་པ་དང་། རྩ་འཛུགས་དེར་རང་དབང་གིས་གྲོས་བསྡུར་བྱེད་སའི་སྟེགས་བུ་མེད་ཟེར། ཨུ་རུ་སི་ལ་རྒོལ་བ་དང་ཨུ་རུ་སི་དགྲ་རུ་འཛིན་པའི་བསམ་བློས་རྩ་འཛུགས་དེར་ཚོད་འཛིན་བྱེད་རྩིས་ཡོད་ལ། ཁོངས་གཏོགས་རྒྱལ་ཁབ་དག་ལ་ཆབ་སྲིད་རྒྱུ་རྐྱེན་གྱི་དབང་གིས་ནམ་རྒྱུན་གནོད་པ་ཐེབས་བཞིན་ཡོད་ཟེར།

མཱ་ཐི་ཝེ་ཡན་ཁི་ཡིས་བཤད་རྒྱུར། ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་གི་གྲོས་ཁང་ཚོགས་ཆེན་གྱི་ཁོངས་གཏོགས་རྒྱལ་ཁབ་ནི་ཁོངས་གཏོགས་རྒྱལ་ཁབ་དག་གི་སྤྱི་དམངས་ཀྱིས་བདམས་ཐོན་བྱེད་པ་ཡིན་ཞིང་། ཁོངས་གཏོགས་རྒྱལ་ཁབ་གང་ཡིན་ཡང་ཁོངས་གཏོགས་རྒྱལ་ཁབ་གཞན་པའི་རྩ་འཛུགས་དེའི་ནང་གི་ཁེ་དབང་ལ་ཚོད་འཛིན་བྱེད་པའི་དབང་ཆ་མེད་པས། ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་གི་གྲོས་ཁང་ཚོགས་ཆེན་གྱི་སྒྲིག་ཡིག་ལ་བཟོ་བཅོས་བྱེད་དགོས་ཟེར།

ད་ལྟའི་ཨུ་རུ་སི་ཞེས་པའི་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཨུ་རུ་སི་ཡིས་ད་ལོའི་ལོ་མགོར་ལོ་ཧྲིལ་བོའི་སུམ་ཆའི་གཉིས་ཀྱི་ཚོགས་གྲོན་ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་གི་རྩིས་ཐོའི་སྟེང་བསྐུར་བ་དང་། ཚོགས་གྲོན་ཡོ་སྒོར་བྱེ་བ་གཅིག་དང་ས་ཡ་གཅིག་ཆད་ལ་བཞག་ཡོད། ཨུ་རུ་སིའི་ལོ་རེར་སྟེར་བའི་ཚོགས་གྲོན་གྱིས་ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་གི་ནོར་སྲིད་སྔོན་རྩིས་ཀྱི་བརྒྱ་ཆའི་བདུན་ཟིན་ཡོད་པ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།