ཀྲུང་གོ་བོད་ཀྱི་དྲ་བ།

སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་གྱིས་བདེ་སྲུང་ཁོར་ཡུག་ལེགས་བཅོས་བྱེད་རྒྱུའི་དམ་བཅས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་ལེ་ཝུན་ཚེས་ཉེར་གཅིག་ཉིན་སྤེལ་བའི་ཆབ་སྲིད་འདུ་ཚོགས་ལ་ཞུགས་ཏེ་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། སུའེ་ཏེན་སྲིད་གཞུང་གིས་དུག་རྫས་ལྐོག་འཚོང་ཚོགས་པར་ཆམ་ཕབ་གཏོང་བར་ཤུགས་སྣོན་བྱས་ཏེ་ས་ཁུལ་གྱི་བདེ་འཇགས་ཁོར་ཡུག་ལེགས་བཅོས་བྱེད་རྒྱུ་ཡིན་ཟེར། ཁོས་ད་རུང་སྲིད་གཞུང་གིས་བྱེད་ཐབས་དྲག་པོ་སྤྱད་དེ་ཉེན་རྟོག་པ་དང་མེ་གསོད་མི་སྣ། མྱུར་སྐྱོབ་རླངས་འཁོར་བཅས་ལ་འཇབ་རྒོལ་བྱེད་པའི་ཁྲིམས་འགལ་ཉེས་ཅན་དག་ལ་ཆད་གཅོད་ནན་མོ་བྱེད་རྒྱུ་ཡིན་པ་གསལ་བོར་བསྟན།

ཐེངས་འདིའི་ཆབ་སྲིད་འདུ་ཚོགས་དེ་གཟའ་འཁོར་གཅིག་ལ་རྒྱུན་བསྲིངས་པ་དང་། སུའེ་ཏེན་གྱི་སྲིད་ཏང་གཙོ་བོའི་གཙོ་འཛིན་ཚང་མ་འདུ་ཚོགས་དེར་ཞུགས་ནས་གཏམ་བཤད་སྤེལ། ཚེས་ཉེར་གཅིག་ཉིན་གྱི་འདུ་ཚོགས་དེར་དབུ་བཞུགས་བློན་ཆེན་ལེ་ཝུན་ཞུགས་ཡོད་སྟབས། དེར་ཞུགས་པའི་མི་ཧ་ལམ་སྟོང་གཉིས་དང་ལྔ་བརྒྱ་ཙམ་ལ་བསླེབ་ཡོད།

ཆབ་སྲིད་འདུ་ཚོགས་སྤེལ་ས་ནི་སི་ཏི་ཀི་ཨར་མའོ་ནུབ་བྱང་ཕྱོགས་ཀྱི་ལས་ཤོར་གྱི་ཚད་ཆེས་མཐོ་བའི་ས་ཁུལ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་ས་དེའི་སྡོད་དམངས་ཀྱི་འདེམ་ཤོག་འཕེན་པའི་འདུན་པ་ཇེ་ཆེར་གཏོང་བའི་ཆེད་རེད། ཐེངས་འདིའི་འདུ་ཚོགས་ཀྱི་སྐབས་སུ་ལས་ཞུགས་དང་བདེ་སྲུང་གནད་དོན་དེ་ཆབ་སྲིད་གཙོ་འཛིན་དག་གིས་གཅིག་བསྡུས་སུ་གྲོས་བསྡུར་བྱེད་པའི་གླེང་གཞིར་གྱུར་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།