ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཨུ་རུ་སི་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གཞོན་པའི་གྲོས་མོལ་རྗེས་སུ་སྣུར་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་ཉེར་གཉིས་ཉིན་བསྟན་དོན། ཨ་མེ་རི་ཁས་ཨུ་རུ་སིའི་བཀག་སྡོམ་བྱེད་ཐབས་རྒྱ་བསྐྱེད་པའི་བྱ་སྤྱོད་ལས་ཡང་བསྐྱར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཉེན་ཁའི་གནས་སུ་བསྐྱལ་བ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱིས་སྔོན་ཆད་ཟླ་འདིའི་ཚེས་ཉེར་གསུམ་ཉིན་སྤེལ་བར་ཐག་བཅད་ཡོད་པའི་ཕྱི་འབྲེལ་བློན་ཆེན་གཞོན་པའི་གྲོས་མོལ་དེ་རྗེས་སུ་སྣུར་རྒྱུ་ཡིན་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་སྤེལ་བའི་སྤྱི་སྒྲོག་ལྟར་ན། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཏིས་ལེ་སིན་ལ་ཁ་པར་གཏོང་སྐབས་བསྟན་དོན། ཨ་མེ་རི་ཁས་བཀག་སྡོམ་ལ་བརྟེན་ནས་ཨུ་རུ་སི་ལ་གནོན་ཤུགས་སྟེར་རྩིས་བྱེད་པའི་བྱེད་ཐབས་དེ་ནི་དོན་དངོས་དང་མི་འཚམ་པའི་དོན་ཞིག་ཡིན། ཟླ་འདིའི་ཚེས་ཉི་ཤུའི་ཉིན་ཝ་ཧྲིན་ཐོན་གྱིས་ཨུ་རུ་སིའི་བཀག་སྡོམ་བྱེད་ཐབས་རྒྱ་བསྐྱེད་པའི་བྱ་སྤྱོད་དེ་ལས་མ་གཞི་ནས་ཁག་པོར་གྱུར་བའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཉེན་ཁའི་གནས་སུ་བསྐྱལ་ཡོད། གནས་ཚུལ་འདི་འདྲའི་འོག་ཨུ་རུ་སིའི་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱིས་སྔོན་ཆད་ཟླ་འདིའི་ཚེས་ཉེར་གསུམ་ཉིན་སྤེལ་བར་ཐག་བཅད་ཡོད་པའི་ཕྱི་འབྲེལ་བློན་ཆེན་གཞོན་པའི་གྲོས་མོལ་དེ་རྗེས་སུ་སྣུར་རྒྱུ་ཡིན་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། དེའི་སྔོན་ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་ཅན་མངོན་འགྱུར་བྱེད་པའི་གྲོས་གཞི་སྤྲད་ཡོད་ལ། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁའི་ལན་ལ་སྒུག་ཡོད་ཟེར།

དེ་ལས་གཞན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཡང་བསྐྱར་ཏིས་ལེ་སིན་དང་མཉམ་དུ་སི་རི་ཡཱའི་གནད་དོན་ཐད་ནས་གྲོས་མོལ་བྱས། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ཨ་མེ་རི་ཁ་གཙོ་བྱས་པའི་རྒྱལ་སྤྱིའི་མནའ་འབྲེལ་གྱི་སི་རི་ཡཱའི་བྱ་སྤྱོད་རེ་འགས་སི་རི་ཡཱའི་བདག་དབང་ལ་གནོད་པ་བཟོས་ཡོད་པ་དང་། དེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་དང་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པར་ཡར་སྐུལ་གཏོང་བར་ཕན་ཐོགས་མེད་པས། ཨ་མེ་རི་ཁས་དེའི་སྔོན་བཀོད་པའི་སི་རི་ཡཱའི་གནད་དོན་ཐག་གཅོད་བྱེད་པར་ཡར་སྐུལ་གཏོང་བའི་གྲོས་མཐུན་སྣ་ཚོགས་བརྩི་སྲུང་བྱེད་དགོས་པའི་རེ་བ་བཏོན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།