ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་གཞོན་པས་སཱ་ཏི་ཞེས་པའི་འཕུར་མདའི་འགོག་སྲུང་མ་ལག་ནི་ཨུ་རུ་སིའི་ཐད་ཀར་གྱི་འཇིགས་ཉེན་ཞིག་ཡིན་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་བཞིའི་ཉིན་སིང་ག་ཕོར་དུ་བསྡུ་བཞིན་པའི་ཤམ་བྷ་ལའི་གྲོས་ཚོགས་སྟེང་། ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་གཞོན་པ་ཧྥུའུ་མེན་གྱིས་ཨ་མེ་རི་ཁས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་དུ་འཕུར་མདའི་འགོག་སྲུང་མ་ལག་བཀོད་སྒྲིག་བྱས་པ་དེ་ཁྲའོ་ཞན་ཕྱེད་གླིང་གི་ཛ་དྲག་གནས་བབ་སྔར་ལས་ཇེ་སྡུག་ཏུ་གཏོང་བ་ལས་འོས་མེད་ཅེས་སྐྱོན་བརྗོད་བྱས། ཁོས་བཤད་རྒྱུར། ཨ་མེ་རི་ཁས་ཧན་གོར་སཱ་ཏི་ཞེས་པའི་འཕུར་མདའི་འགོག་སྲུང་མ་ལག་བཀོད་སྒྲིག་བྱེད་མགོ་བརྩམས་པ་དང་། ཏུང་ཅིན་ནས་འཕུར་མདའི་འགོག་སྲུང་ནུས་པར་ཡང་ཤུགས་སྣོན་བྱེད་པའི་འདོད་ཚུལ་ལའང་དོགས་ཟོན་མི་བྱེད་ཐབས་མེད་རེད། ཨ་མེ་རི་ཁས་འཕུར་མདའི་འགོག་སྲུང་མ་ལག་ཨུ་རུ་སིའི་མཐའ་མཚམས་དང་ཉེ་སར་བཀོད་སྒྲིག་བྱེད་པའི་འགུལ་སྐྱོད་སྤེལ་བཞིན་ཡོད་པ་དང་། ང་ཚོས་གནས་བབ་དེར་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་པར་བསམ་བློ་མི་གཏོང་ཐབས་མེད་རེད་ཟེར། ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་བཤད་རྒྱུར། ཧྥུའུ་མེན་གྱིས་སཱ་ཏི་ཞེས་པའི་འཕུར་མདའི་འགོག་སྲུང་མ་ལག་དེ་ཨུ་རུ་སིའི་ཐད་ཀར་གྱི་འཇིགས་ཉེན་ཞིག་ཡིན་ཟེར།

དེ་ལས་གཞན་ཨུ་རུ་སི་ཡིས་མཉམ་དུ་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་བདེ་འཇགས་སྒྲོམ་གཞི་འཐུས་ཚང་དུ་བཏང་སྟེ། ས་ཁུལ་དེའི་རྒྱལ་ཁབ་ཚང་མའི་སེམས་ཁུར་ལ་བསམ་བློ་བཏང་ནས་འགན་སྲུང་བྱེད་དགོས་པའི་གྲོས་གཞི་བཏོན། ཧྥུའུ་མེན་གྱིས་བཤད་རྒྱུར། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་ད་ཡོད་ཀྱི་བག་འཁུམ་གཞན་འགོག་རང་བཞིན་གྱི་དམག་དོན་མནའ་མཐུན་མ་ལག་དེ་ཀུན་སྤྱོད་ཀྱི་ཡོ་བྱད་དུ་འགྱུར་མི་སྲིད། རྒྱུ་མཚན་ནི་དེས་མནའ་འབྲེལ་ནང་ཞུགས་པའི་རྒྱལ་ཁབ་དེ་དག་གི་བདེ་འཇགས་ལ་འགན་སྲུང་བྱེད་མི་ཐུབ་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།