ལི་ཐའོ་ཝན་དུ་སྡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་ཁབ་མང་བོའི་དམག་དཔུང་གི་བཀོད་སྒྲིག་ཡོངས་འགྲུབ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལི་ཐའོ་ཝན་གྱི་རྒྱལ་སྲུང་པུའུ་ཡིས་ཟླ་ལྔ་བའི་ཚེས་སུམ་ཅུའི་ཉིན་བསྒྲགས་པ་ལྟར་ན། ནོར་ཝེའི་དམག་མི་ཉིས་བརྒྱ་ལི་ཐའོ་ཝན་དུ་འབྱོར་བ་དང་བསྟུན་ནས། ལི་ཐའོ་ཝན་དུ་སྡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་ཁབ་མང་བོའི་དམག་དཔུང་གི་བཀོད་སྒྲིག་ཡོངས་འགྲུབ་བྱས།

ལི་ཐའོ་ཝན་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། ནོར་ཝེའི་དམག་མི་སྐོར་དེ་ཚེས་ཉེར་དགུའི་ཉིན་གྱི་དགོང་མོར་ལི་ཐའོ་ཝན་གྱི་གྲོང་ཁྱེར་ཆེན་པོ་གཉིས་པ་ཁའོ་ནཱ་སི་རུ་འབྱོར་བ་དང་། ཁོ་ཚོ་དེའི་རྗེས་སུ་རོའུ་ཁཱ་ལཱ་དམག་དོན་རྟེན་གཞིར་སོང་ནས་དེའི་སྔོན་གནས་དེར་འབྱོར་བའི་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གཞན་པའི་དམག་དཔུང་དང་ལྷན་འཛོམས་བྱས། ནོར་ཝེའི་དམག་དཔུང་གི་རླངས་འཁོར་དྲུག་ཅུ་གཟའ་འཁོར་སྔོན་མར་མཚོ་ལམ་བརྒྱུད་ནས་ལི་ཐའོ་ཝན་དུ་བསྐྱལ་ཡོད།

མིག་སྔར་ལི་ཐའོ་ཝན་དུ་སྡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་ཁབ་མང་བོའི་དམག་དཔུང་ལ་ནོར་ཝེའི་དམག་མི་ལས་གཞན། འཇར་མན་དང་པུ་ལི་ཧྲི། ཧི་ལན་བཅས་ཀྱི་དམག་མི་བརྒྱད་བརྒྱ་ཡོད། རྒྱལ་ཁབ་དེ་བཞིའི་དམག་དཔུང་གིས་མཉམ་དུ་ལི་ཐའོ་ཝན་གྱི་སྒར་ས་གྲུབ་ཡོད་པ་དང་། འཇར་མན་གྱིས་བཅའ་སྡོད་དམག་དཔུང་གི་བཀོད་འདོམ་གྱི་འགན་ཁུར་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། བྱང་ཆིངས་རྩ་འཛུགས་ཀྱི་དམག་དཔུང་ལི་ཐའོ་ཝན་དུ་བཀོད་སྒྲིག་བྱས་པའི་དམིགས་ཡུལ་ནི་ན་ནིང་བྱང་ཆིངས་རྩ་འཛུགས་ཀྱི་ཧྭ་ཧྲའི་མཐོ་རིམ་གྲོས་ཚོགས་ཀྱི་པའོ་ལོ་ཏི་རྒྱ་མཚོ་ས་ཁུལ་གྱི་རྒྱལ་ཁབ་གསུམ་དང་ཕོ་ལན་དུ་རྒྱལ་ཁབ་མང་བོའི་དམག་དཔུང་བཀོད་སྒྲིག་བྱེད་པའི་ཆོད་དོན་དངོས་འབེབ་བྱེད་པའི་ཆེད་རེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།