ཀྲུང་གོ་བོད་ཀྱི་དྲ་བ།

བྱང་ཆིངས་རྩ་འཛུགས་ཀྱི་གྲོས་ཁང་ཚོགས་ཆེན་གྱི་ཀྲུའུ་ཞི་ཡིས་ཀི་ལུའུ་ཅི་ཡཱ་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བྱང་ཆིངས་རྩ་འཛུགས་ཀྱི་གྲོས་ཁང་ཚོགས་ཆེན་གྱི་ཀྲུའུ་ཞི་ཨ་ལི་ཡིས་ཚེས་ཉེར་བདུན་ཉིན་ཀི་ལུའུ་ཅི་ཡཱའི་རྒྱལ་ས་ཏིས་པུས་ལེ་སི་ནས་བསྟན་དོན། ཀི་ལུའུ་ཅི་ཡཱ་བྱང་ཆིངས་རྩ་འཛུགས་དང་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།

ཀི་ལུའུ་ཅི་ཡཱའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། བྱང་ཆིངས་རྩ་འཛུགས་ཀྱི་གྲོས་ཁང་ཚོགས་ཆེན་གྱི་དཔྱིད་ཀའི་གྲོས་ཚོགས་ལ་ཞུགས་པར་ཡོང་བའི་ཨ་ལི་ཡིས་ཉིན་དེར་ཀི་ལུའུ་ཅི་ཡཱའི་ཙུང་ཐུང་མཱ་ཨར་ཀི་ཝེ་ལཱ་ཧྲི་ཝེ་ལེ་དང་གྲོས་མོལ་བྱེད་སྐབས་བསྟན་དོན། བྱང་ཆིངས་རྩ་འཛུགས་ཀྱི་གྲོས་ཁང་ཚོགས་ཆེན་དེ་ཁོངས་གཏོགས་རྒྱལ་ཁབ་མིན་པའི་གནས་གཞན་དུ་སྤེལ་བའི་སྐབས་ཧ་ཅང་ཉུང་ཟེར། ཐེངས་འདིར་ཀི་ལུའུ་ཅི་ཡཱ་ནས་གྲོས་ཚོགས་སྤེལ་བ་དེ་ནི་བྱང་ཆིངས་རྩ་འཛུགས་ཀྱིས་བཏང་བའི་བརྡ་ཞིག་ཡིན་པར་མ་ཟད། བྱང་ཆིངས་རྩ་འཛུགས་ཀྱིས་བཏོན་པའི་ཆབ་སྲིད་ཀྱི་ཆོད་དོན་གལ་ཆེན་ཞིག་ཡིན་ཟེར།

བསྒྲགས་པ་ལྟར་ན། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་ཀི་ལུའུ་ཅི་ཡཱ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཤུགས་སྣོན་པའི་བྱེད་ཐབས་དང་བྱང་ཆིངས་རྩ་འཛུགས་དང་ཀི་ལུའུ་ཅི་ཡཱའི་བདེ་འཇགས་མཉམ་ལས་རྒྱ་བསྐྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཚོགས་ཡུན་ཉིན་བཞི་ཡིན་པའི་བྱང་ཆིངས་རྩ་འཛུགས་ཀྱི་གྲོས་ཁང་ཚོགས་ཆེན་གྱི་དཔྱིད་ཀའི་གྲོས་ཚོགས་དེ་ཚེས་ཉེར་དྲུག་ཉིན་ཏིས་པུས་ལེ་སི་ནས་ཚོགས་མགོ་བརྩམས་པ་དང་། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་འབྲེལ་གཏུག་རྒྱལ་ཁབ་ནས་ཡོང་བའི་འཐུས་མི་ཉིས་བརྒྱ་ལྷག་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་ནས་གྲོས་བསྡུར་བྱེད་པའི་གྲོས་གཞི་གཙོ་བོར་བྱང་ཆིངས་རྩ་འཛུགས་དང་ཨུ་རུ་སིའི་འབྲེལ་བ། མཚོ་ནག་ས་ཁུལ་གྱི་བདེ་འཇགས་གནས་བབ། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ། ཨ་ཧྥུའུ་ཧན་གྱི་གནད་དོན་སོགས་ཡིན།

ཨ་ལི་ཡིས་ཚེས་ཉེར་དྲུག་ཉིན་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། ཀའོ་ཅཱ་སོ་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་དེ་བྱང་ཆིངས་རྩ་འཛུགས་དང་ཡོ་རོབ་གླིང་མནའ་འབྲེལ་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་ཟེར། ང་ཚོས་བལྟས་ན་ཀི་ལུའུ་ཅི་ཡཱ་མཇུག་མཐར་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཏུ་འགྱུར་ཐུབ་ངེས་རེད།

བྱང་ཆིངས་རྩ་འཛུགས་ཀྱི་གྲོས་ཁང་ཚོགས་ཆེན་ནི་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་གྲོས་ཁང་བར་གྱི་རྩ་འཛུགས་ཤིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་རྒྱལ་ཁབ་སོ་སོའི་གྲོས་ཁང་དང་བྱང་ཆིངས་རྩ་འཛུགས་ཀྱི་ལས་ཁུངས་བར་གྱི་འབྲེལ་འདྲིས་ཇེ་ཟབ་ཏུ་བཏང་སྟེ། བྱང་ཆིངས་རྩ་འཛུགས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་ཡར་སྐུལ་གཏོང་བའི་ཆེད་དུ་རེད། རྩ་འཛུགས་དེའི་ཆོད་དོན་གྱིས་བྱང་ཆིངས་རྩ་འཛུགས་ལ་བཀག་རྒྱ་བཟོ་མི་ཐུབ།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།