ཧྥེ་ལེ་པེན་སྲིད་གཞུང་དམག་དཔུང་གིས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་གཙང་བཤེར་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥེ་ལེ་པེན་སྲིད་གཞུང་དམག་དཔུང་གིས་ཚེས་ཉེར་བདུན་ཉིན་མུ་མཐུད་དུ་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་མཱ་ལཱ་ཝེ་ནས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པར་གཙང་བཤེར་འགུལ་སྐྱོད་སྤེལ་བ་དང་། མིག་སྔར་ཉུང་མཐར་ཡང་མི་ང་དྲུག་གཙང་བཤེར་འགུལ་སྐྱོད་དེའི་ཁྲོད་རྐྱེན་ལམ་དུ་ཤོར་ཡོད།

དམག་ཕྱོགས་ཀྱིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། མུའུ་ཐི་རྩ་འཛུགས་དང་ཨ་པུའུ་ཧྲ་ཡེ་ཧྥུའུ་དྲག་ཆས་པ་མིག་སྔར་མཱ་ལཱ་ཝེ་མཁར་ཁུལ་གྱི་སྲིད་གཞུང་གི་ཐོག་ཁང་དང་སྡོད་དམངས་ཀྱི་འདུག་སར་སྦས་སྐོང་བྱས་ཡོད་པ་རེད། སྲིད་གཞུང་དམག་དཔུང་གིས་ཉིན་དེར་གྱེན་འཕུར་གནམ་གྲུ་དང་སྒྱོགས་མདེལ་སོགས་བཀོལ་ནས་ས་གནས་དེ་དག་ལ་འཇབ་རྒོལ་བྱས། མིག་སྔའི་བར་འཐབ་འཁྲུག་དེ་ལས་ཉུང་མཐར་ཡང་མི་ང་དྲུག་རྐྱེན་ལམ་དུ་ཤོར་ཡོད། དེའི་ནང་སྲིད་གཞུང་དམག་དཔུང་གི་དམག་མི་བཅུ་གསུམ་དང་ཉེན་རྟོག་པ་གཉིས། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་ཞེ་གཅིག་བཅས་ཡོད། གཞན་ཡང་དམག་མི་ཞེ་ལྔ་ལ་རྨས་ཕོག་ཡོད།

བསྒྲགས་པ་ལྟར་ན། ཉིན་ལྔའི་རིང་འཁྲུག་རྩོད་བྱས་པ་བརྒྱུད་མཱ་ལཱ་ཝེ་དེ་མཁར་སྟོང་ལྟ་བུ་ཞིག་ཡིན་པ་དང་། ས་དེའི་སྡོད་དམངས་འབུམ་གཉིས་ཙམ་ལས་བརྒྱ་ཆའི་དགུ་བཅུ་ལྷག་གྲོང་ཁུལ་དང་བྲལ་ཡོད། གནས་ཚུལ་དངོས་སུ་མཐོང་མཁན་གྱིས་གསར་འགོད་པར་བཤད་རྒྱུར། མཱ་ལཱ་ཝེ་མཁར་ཁུལ་གྱི་ཁྱིམ་ཚང་སོ་སོའི་སྒོ་བརྒྱབ་ཡོད་པ་དང་ལམ་འགྲོ་བ་མང་བོ་མཐོང་རྒྱུ་མེད། གྲོང་ཁྱེར་ལྟེ་གནས་སུ་དུས་ངེས་མེད་ལ་མེ་མདའི་སྒྲ་དང་འགས་གཏོར་གྱི་སྒྲ་གྲག་ཡོང་བ་དང་འགས་གཏོར་ལས་དུད་ནག་ལྷོག་ལྷོག་ཏུ་འཕྱུར་བ་མཐོང་ཐུབ། མཁར་ཕྱི་ལ་འགྲོ་སའི་གཞུང་ལམ་སྟེང་ཉེན་ཡོལ་མཁན་ཚོས་བཟའ་མི་ཚང་མ་ཁྲིད་དེ་ཡུལ་གཞན་དུ་འགྲོ་བའི་སྣང་ཚུལ་མཐོང་ཐུབ་ཟེར།

ཧྥེ་ལེ་པེན་དྲག་ཆས་དམག་དཔུང་གི་མེན་ལན་གླིང་ཕྲན་ནུབ་མའི་དམག་སྤྱི་ཁང་གི་དམག་སྤྱི་ཅཱ་ཨར་ཝེ་སི་ཡིས་ཚེས་ཉེར་བདུན་ཉིན་བསྟན་དོན། སྲིད་གཞུང་དམག་དཔུང་གིས་ཆམ་ཕབ་ཤུགས་ཚད་ཇེ་ཆེར་བཏང་བ་དང་། ཉིན་གསུམ་གྱི་ནང་གནད་དོན་ཐག་གཅོད་བྱེད་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།

ཧྥེ་ལེ་པེན་གྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི་ཚེས་ཉེར་དྲུག་ཉིན་མཱ་ལཱ་ཝེ་དང་བར་ཐག་སྤྱི་ལེ་ཞེ་ལྔ་ཡོད་པའི་དབྱེ་ལེ་ཀན་གྲོང་ཁྱེར་དུ་སོང་ནས་འཐབ་འཁྲུག་ཁྲོད་རྨས་སྐྱོན་ཕོག་པའི་སྲིད་གཞུང་གི་དཔོན་དམག་ལ་འཚམས་འདྲི་བྱས། ཏུའུ་ཐི་ཨར་ཐི་ཡིས་བསྟན་དོན། སྲིད་གཞུང་གིས་སྔར་བཞིན་གྲོས་མོལ་གྱི་སྒོ་གླེགས་གཏན་མེད་ཀྱང་། མཚོན་ཆ་བསྐྱུར་འདོད་མེད་པའི་དྲག་ཆས་ཉེས་ཅན་ལ་སྲིད་གཞུང་གིས་མུ་མཐུད་དུ་འཐབ་འཁྲུག་བྱེད་ངེས་ཡིན་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།