ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་ཀྱིས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་ལན་དྲག་པོ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཅིབ་དྲག་ཆས་དམག་དཔུང་གིས་ཚེས་ཉེར་བདུན་ཉིན་གྱི་ཉིན་གུང་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་མཁའ་དམག་གིས་ལི་པུ་ཡཱའི་ཤར་ཕྱོགས་ཀྱི་ཏི་ཨར་ནཱ་གྲོང་ཁྱེར་ཉེ་འདབས་ཀྱི་འཇིགས་སྐུལ་ཉེས་ཅན་སྦས་སྐོང་བྱེད་ས་དང་སྦྱོང་བརྡར་སྒར་སར་ཉིན་མཚན་མེད་པར་བར་སྣང་འཇབ་རྒོལ་མང་དུ་སྤེལ་རྒྱུ་ཁྱབ་སྒྲོག་བྱས། གསལ་སྒྲོག་ལས་བཤད་རྒྱུར། ཨེ་ཅིབ་ཀྱིས་བར་སྣང་འཇབ་རྒོལ་མ་བྱས་གོང་ལི་པུ་ཡཱའི་ཕྱོགས་ལ་འབྲེལ་འདྲིས་གང་ལེགས་བྱས་ཡོད། འགུལ་སྐྱོད་དེ་ལས་སྔོན་ནས་གཏན་འཁེལ་བྱས་པའི་དམིགས་འབེན་ཡོངས་སུ་རྩ་མེད་དུ་བཏང་ཡོད་ལ། འཐབ་འཛིང་གནམ་གྲུས་ལས་འགན་ཡོངས་འགྲུབ་བྱས་རྗེས་ཕྱིར་ཨེ་ཅིབ་རྒྱལ་ནང་དུ་ལོག་ཡོད་ཟེར།

ཨེ་ཅིབ་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཨེ་ཅིབ་མཁའ་དམག་གིས་ཚེས་ཉེར་དྲུག་ཉིན་གྱི་དགོང་མོ་ནས་ཐེངས་འདིའི་བར་སྣང་འཇབ་རྒོལ་འགུལ་སྐྱོད་སྤེལ་མགོ་བརྩམས་ཏེ། ཨེ་ཅིབ་དབུས་ཕྱོགས་ཀྱི་མེན་ཡཱ་ཞིང་ཆེན་ནས་བྱུང་བའི་སྤྱི་སྤྱོད་རླངས་འཁོར་གྱི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་ལན་སྤྲད་པ་རེད། བསྒྲགས་པ་ལྟར་ན། མེན་ཡཱ་ཞིང་ཆེན་གྱི་སྤྱི་སྤྱོད་རླངས་འཁོར་ལ་འཇབ་རྒོལ་བྱས་པའི་འཇིགས་སྐུལ་ཉེས་ཅན་གྱིས་སྔོན་ཆད་ལི་པུ་ཡཱའི་མངའ་ཁོངས་ཀྱི་སྒར་ས་ནས་སྦྱོང་བརྡར་བྱས་མྱོང་བ་རེད།

ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར། ཁི་ཕུའུ་ཐི་ཡེ་ཤུའི་ཆོས་ལུགས་ཀྱི་དད་ལྡན་པ་གང་དྲུད་པའི་སྤྱི་སྤྱོད་རླངས་འཁོར་ལ་ཨེ་ཅིབ་ཀྱི་མེན་ཡཱ་ཞིང་ཆེན་ནས་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་གྱི་མེ་མདའི་འཇབ་རྒོལ་ཐེབས། མིག་སྔར་བར་འཇབ་རྒོལ་དོན་རྐྱེན་དེ་ལས་མི་ཉེར་དགུ་རྐྱེན་ལམ་དུ་ཤོར་ཡོད་པ་དང་། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལ་འགན་ཁུར་རྒྱུ་ཁས་ལེན་བྱས་ཡོད།

འཇབ་རྒོལ་དོན་རྐྱེན་བྱུང་རྗེས། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། ཨེ་ཅིབ་ཀྱིས་འཇིགས་སྐུལ་རིང་ལུགས་ལ་འགྲན་སློང་རྒྱུ་ཁྱབ་སྒྲོག་བྱས། སེ་ཞི་ཡིས་བཤད་རྒྱུར། ལི་པུ་ཡཱ་ཟིང་འཁྲུག་གི་གནས་སུ་ལྷུང་བའི་ཚུན་ལ། ཨེ་ཅིབ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད། ཉེ་བའི་ལོ་གཉིས་ཀྱི་རིང་། ཁྲིམས་འགལ་རླངས་འཁོར་སྟོང་གཉིས་ཙམ་རྒྱལ་མཚམས་བརྒལ་ནས་ཨེ་ཅིབ་ཀྱི་མངའ་ཁོངས་སུ་ཡོང་། འཇིགས་སྐུལ་ཉེས་ཅན་གྱི་བྱ་སྤྱོད་ལས་ཨེ་ཅིབ་ཀྱི་གཏན་འཇགས་དང་མཐུན་སྒྲིལ་ལ་གཏོར་བརླག་བཏང་བས། ཨེ་ཅིབ་ཀྱིས་འཛམ་གླིང་སྟེང་གི་རྒྱལ་ཁབ་ཚང་མའི་ཚབ་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་འགྲན་སློང་བ་ཡིན་ཟེར། སེ་ཞི་ཡིས་བཤད་རྒྱུར། ཨེ་ཅིབ་སོམ་ཉི་སྤུ་ཙམ་ཡང་མེད་པའི་སྒོ་ནས་རྒྱལ་ཁབ་ཕྱི་ནང་གི་འཇིགས་སྐུལ་རིང་ལུགས་ཀྱི་རྟེན་གཞིར་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།