ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་དབུས་ཤར་དང་ཨ་ཧྥེ་རི་ཁ་བྱང་མའི་མཐོ་རིམ་གྲོས་ཚོགས་ནས་ལས་ཞུགས་གནད་དོན་དང་ཞི་བདེའི་འཕེལ་རིམ་ལ་དོ་སྣང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་དབུས་ཤར་དང་ཨ་ཧྥེ་རི་ཁ་བྱང་མའི་མཐོ་རིམ་གྲོས་ཚོགས་དེ་ཚེས་ཉི་ཤུའི་ཉིན་ཅོར་ཏན་གྱི་གནས་སྐོར་གནས་མཆོག་ཧྲུའུ་ནཱ་ནས་ཚོགས་མགོ་བརྩམས། རྒྱལ་ཁབ་ལྔ་བཅུ་ལྷག་ནས་ཡོང་བའི་ཆབ་སྲིད་དང་ཚོང་དོན་ལས་རིགས་ཀྱི་མི་སྣ་སྟོང་གཅིག་དང་བརྒྱ་ལྷག་གྲོས་ཚོགས་ལ་ཞུགས། ན་གཞོན་གྱི་ལས་ཞུགས་དང་སློབ་གསོའི་གནད་དོན། དེ་མིན་དབུས་ཤར་གྱི་ཞི་བདེའི་འཕེལ་རིམ་བཅས་ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ཀྱི་གྲོས་གཞི་གཙོ་བོར་གྱུར་ཡོད།

ཅོར་ཏན་གྱི་རྒྱལ་རྒྱུད་ཧི་སེ་ཡུན་གྱིས་ཞུ་ཚིག་འབུལ་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབུས་ཤར་ས་ཁུལ་གྱི་ན་གཞོན་དག་གི་ལས་སྐྲུན་ལག་ལེན་ལ་རྒྱབ་སྐྱོར་དང་སྐུལ་མ་གཏོང་དགོས་པའི་འབོད་སྐུལ་བཏང་།

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་སྲོལ་འབྱེད་མཁན་དང་ལག་བསྟར་ཀྲུའུ་ཞིའི་འགན་གཅིག་ལྕོགས་སུ་ཁུར་མཁན་ཧྲི་ཝ་པུའུ་ཡིས་བསྟན་དོན། དབུས་ཤར་རྒྱལ་ཁབ་དག་གི་མགོ་ཁྲིད་པས་ཐབས་ཇུས་འདོན་སྐབས་ན་གཞོན་པའི་བསམ་འཆར་ལ་མང་དུ་ཉན་དགོས་ཟེར།

ནེ་ཀྲིར་གྱི་ཙུང་ཐུང་ཡུག་སུའུ་ཧྥུའུ་ཡིས་བསྟན་དོན། མི་དམངས་ཀྱི་སློབ་གསོའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་ལས་ཤོར་གྱི་ཚད་ཇེ་དམའ་རུ་གཏོང་བ་ནི་སཱ་ཧཱ་ལཱ་ལྷོ་ངོས་ཀྱི་ཨ་ཧྥེ་རི་ཁ་གླིང་གི་ཡུལ་གྱར་བ་ཡོ་རོབ་གླིང་དུ་འགྲོ་བ་ཇེ་ཉུང་དུ་གཏོང་བའི་རྩ་བའི་བྱེད་ཐབས་ཡིན་ཟེར།

དབུས་ཤར་ས་ཁུལ་གྱི་ཞི་བདེའི་འཕེལ་རིམ་དེ་ཡང་ཐེངས་འདིའི་མགོ་རིམ་གྲོས་ཚོགས་ཀྱི་གྲོས་གཞི་གཙོ་བོར་གྱུར་ཡོད། གྲོས་ཚོགས་ལ་ཞུགས་པའི་ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཨེ་ལོས་ཁཱ་ཐི་དང་དབྱི་སི་རལ་སྔོན་ཆད་ཀྱི་ཕྱི་འབྲེལ་བློན་ཆེན་ལེ་ཧྥུའུ་ནེ་གཉིས་ཀྱིས་བལྟས་ན་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དེ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱི་ཁེ་ཕན་དང་འཚམ་པར་འདོད།

སྐབས་འདིའི་མཐོ་རིམ་གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན་གཉིས་ཡིན་པ་དང་། ཚེས་ཉེར་གཅིག་ཉིན་གྲོལ་རྒྱུ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།