ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ཐུར་ཁེ་རུ་སྡོད་པའི་དམག་མི་དག་ཅོར་ཏན་དུ་གནས་སྤོར་བྱེད་པར་བསམ་བློ་གཏོང་བཞིན་ཡོད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་རྒྱལ་སྲུང་བློན་ཆེན་ཧྥུན་ཏི་ལེ་ཨིན་གྱིས་ཚེས་ཉི་ཤུའི་ཉིན་བཤད་རྒྱུར། ཐུར་ཁེའི་དབྱིན་ཅི་ལེ་ཨར་ཁིའི་མཁའ་དམག་རྟེན་གཞིར་སྡོད་པའི་འཇར་མན་གྱི་དམག་མི་དག་ཅོར་ཏན་དུ་གནས་སྤོར་ཡང་སྲིད་ཟེར།

ཧྥུན་ཏི་ལེ་ཨིན་གྱིས་ཉིན་དེར་ཅོར་ཏན་གྱི་གནས་སྐོར་གནས་མཆོག་ཧྲུའུ་ནཱ་ནས་འཛམ་གླིང་གི་དཔལ་འབྱོར་གླེང་སྟེགས་ཀྱི་དབུས་ཤར་དང་ཨ་ཧྥེ་རི་ཁ་བྱང་མའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་སྐབས་གོང་གི་ལྟ་ཚུལ་དེ་བཤད་པ་རེད། ཁོ་མོས་བཤད་རྒྱུར། ཅོར་ཏན་གྱི་མཁའ་དམག་རྟེན་གཞི་ཞིག་ལ་ཐུར་ཁེའི་དབྱིན་ཅི་ལེ་ཨར་ཁི་མཁའ་དམག་རྟེན་གཞིར་སྡོད་པའི་འཇར་མན་གྱི་དམག་མི་ཉིས་བརྒྱ་དང་ལྔ་བཅུ་ཙམ་ཡོད་པ་དེ་དང་ལེན་བྱེད་པའི་ནུས་པ་ཡོད་པ་དང་། ཅོར་ཏན་ཕྱོགས་ཀྱིས་ཀྱང་དགའ་བསུ་བྱེད་བཞིན་ཡོད་ཟེར།

ཧྥུན་ཏི་ལེ་ཨིན་གྱིས་བཤད་རྒྱུར། འཇར་མན་ཕྱོགས་ཀྱིས་དོན་དེར་དངོས་སུ་ཐག་གཅོད་བྱས་མེད་ལ། ཐུར་ཁེའི་ཕྱོགས་དང་གྲོས་མོལ་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།