ཀྲུང་གོ་བོད་ཀྱི་དྲ་བ།

ཚུན་ཧྲང་ཁྲུན་ཧྲུའུ་ཡིས\"གཏམ་རྒྱུད་གླེང་བའི\"བྱ་ཐབས་ལ་བརྟེན་ནས་ལོ་རྒྱུས་འཁྱོག་བཤད་ལ་ངོ་རྒོལ་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར་རི་པིན་གྱི་གྲགས་ཅན་རྩོམ་པ་པོ་ཚུན་ཧྲང་ཁྲུན་ཧྲུའུ་ཡིས་ལོ་རྒྱུས་བརྗེད་པ་དང་འཁྱོག་བཤད་བྱས་པའི་བྱེད་སྤྱོད་ཚང་མ་ནོར་འཁྲུལ་རེད།བརྩམས་སྒྲུང་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས་ངས“གཏམ་རྒྱུད་གླེང་བའི”བྱ་ཐབས་ལ་བརྟེན་ནས་ངོ་རྒོལ་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད།

འདི་ལོའི་ཟླ་2ཚེས་24ཉིན་ཚུན་ཧྲང་ཁྲུན་ཧྲུའུ་ཡིས་ལོ་7སོང་རྗེས་《རྟ་དམག་གི་ཐོན་ཀྲང་བསད་པ་》ཞེས་པའི་དཔེ་དེབ་འགྲེམས་ཚོང་བྱས་པ་དང་། བརྩམས་སྒྲུང་རིང་གྲས་དེའི་ནང་རི་པིན་གྱིས་ཀྲུང་གོར་བཙན་འཛུལ་བྱས་པའི་དམག་འཁྲུག་དང་འཇར་མན་གྱིས་ཨོ་སི་ཁྲུ་རི་ཡ་ཁྱུར་མིད་གཏོང་བའི་ལོ་རྒྱུས་ཀྱི་དོན་རྐྱེན་བཀོད་ཡོད་པ་རེད། “ནན་ཅིང་དམར་གསོད་ཆེན་པོ་ཁས་ལེན་བྱས་པའི”དབང་གིས་དྲ་སྦྲེལ་ཐོག་རི་པིན་གྱི་གཡས་རུ་དང་ཐལ་སྐྱོད་དྲ་དམངས་ཀྱི་ཁ་རྡུང་ཕོག་ཡོད་པ་རེད།

དེ་གོང་ཚུན་ཧྲང་ཁྲུན་ཧྲུའུ་ཡིས་དེའི་ཐད་ལན་བརྒྱབ་མེད་པ་རེད། ཉེ་ཆར་ཁོང་གིས་གནས་ཚུལ་དེའི་ཐད་《ཉི་གཞོན་གསར་འགྱུར་》དང་《ཏུའུ་མའེ་གསར་འགྱུར་》《ཉིན་རེའི་གསར་འགྱུར་》སོགས་རི་པིན་གྱི་གཙོ་རྒྱུན་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱས་པ་རེད།

 ཚུན་ཧྲང་ཁྲུན་ཧྲུའུ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས“ལོ་རྒྱུས་ནི་རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ཚེ་མཉམ་སྡེབ་རང་བཞིན་གྱི་དྲན་འཆར་ཞིག་རེད། དེ་ཉིད་འདས་ཟིན་པའི་བྱ་བར་བརྩིས་ནས་བརྗེད་ཐབས་བྱེད་པའམ་ཡང་ན་སུབ་བཅོས་བྱས་པ་ཚང་མ་ནོར་འཁྲུལ་རེད། ངེས་པར་དུ་དེ་དག་ལ་འགྲན་རྒོལ་བྱ་རྒྱུ་ཡིན། བརྩམས་སྒྲུང་རྩོམ་པ་པོས་དེའི་ཐད་སྒྲུབ་པའི་བྱ་བར་ཚད་གཞི་ཡོད་མོད། འོན་ཀྱང‘གཏམ་རྒྱུད་གླེང་བའི’བྱ་ཐབས་དེ་རིགས་ཀྱི་ཐོག་ནས་ངོ་རྒོལ་བྱེད་རྒྱུ་ཡིན། གཏམ་རྒྱུད་ཀྱི་ནུས་པར་ངས་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།

《རྟ་དམག་གི་ཐོན་ཀྲང་བསད་པ་》ཞེས་པའི་དཔེ་དེབ་ཀྱི་མིང་དེ་མོ་ཀྲ་ཐེའི་གླུ་གཞས་ཟློས་གར་《ཐང་ཧོང་》ཞེས་པའི་འཁྲབ་གཞུང་ནང་གི་བརྗོད་དོན་ཞིག་ལས་བྱུང་བ་རེད། དཔེ་དེབ་དེས་དེའི་ནང་གི་མི་སྣ་གཙོ་བོ“ང”ཞེས་པས་གནམ་ཁང་ནང་ཉར་ཚགས་བྱས་པའི་རི་མོ་《རྟ་དམག་གི་ཐོན་ཀྲང་བསད་པ་》ཞེས་པ་སྟེས་དབང་ངང་ཤེས་རྟོགས་ཐུབ་ལུགས་གླེང་ཡོད་པ་རེད། རི་མོའི་ནང་སྦ་གསང་བྱས་པའི་གནས་ཚུལ་ངོ་མ་ཤེས་རྟོགས་བྱེད་པ་དང་དུས་མཚུངས“ང”ཞེས་པས་རི་མོ་དེའི་རྩོམ་པ་པོ་དང་ཁོའི་གཅུང་པོས་དུས་རབས་20པ་དང་30པའི་ནང་འཇར་མན་གྱིས་ཨོ་སི་ཁྲུ་རི་ཡ་ཁྱུར་མིད་གཏོང་བ་དང་རི་པིན་གྱིས་ཀྲུང་གོར་བཙན་འཛུལ་བྱས་པའི་དམག་འཁྲུག་ཁག་སོ་སོར་བརྒྱུད་མྱོང་བ་དང་། ཁོ་བོའི་གཅུང་པོ་ད་དུང་རྗེས་སུ་ནན་ཅིང་དམར་གསོད་ཆེན་པོའི་ནང་མ་ཞུགས་རང་ཞུགས་ཐུག་པ་དང་འབྲེལ་རྒྱལ་ཁབ་ཏུ་ཕྱིར་ལོག་རྗེས་ལག་པའི་ཁྲག་རྩ་བཅད་ནས་རང་ཤི་བརྒྱབ་པའི་སྐོར་བྲིས་ཡོད་པ་རེད། རྩོམ་པ་པོས་《རྟ་དམག་གི་ཐོན་ཀྲང་བསད་པ་》འབྲི་བའི་དམིགས་ཡུལ་ནི་གཅུང་པོ་དང་འཇར་མན་ཧྥ་ཤི་སིའི་མཐོ་རིམ་དཔོན་པོ་ལྐོག་བསད་གཏོང་བའི་ནང་ཞུགས་རྐྱེན་སྲོག་ཆད་བཏང་བའི་བརྩེ་གྲོགས་ལ་མྱ་ངན་ཞུ་ཆེད་ཡིན་པ་རེད

ཚུན་ཧྲང་ཁྲུན་ཧྲུའུ་ཡིས་དེ་གོང་ས་ཆ་མང་པོ་ཞིག་ཏུ་བཙན་འཛུལ་དམག་འཁྲུག་དང་རི་པིན་གྱིས་དགོངས་དག་ཐུགས་བདེན་ཞུ་རྒྱུའི་འདོད་ཚུལ་གླེང་ཡོད་པ་རེད། 2015ལོར་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས“དམག་ཐག་ཆོད་ནས་ལོ་70འཁོར་བའི་གླེང་མོལ”མ་བྱས་གོང་ཚུན་ཧྲང་ཁྲུན་ཧྲུའུ་ཡིས《ཐོ་ཁེའོ་གསར་འགྱུར》གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས“ངའི་བསམ་པར་ལོ་རྒྱུས་ཀྱི་གནད་དོན་ནི་ཧ་ཅང་གལ་འགངས་ཆེ་བའི་གནད་དོན་ཞིག་ཡིན་པས་དགོངས་དག་ཐུགས་བདེན་ནན་ཏན་ཞུ་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་རེད། མ་ཟད་དགོངས་དག་ཐུགས་བདེན་ཞུ་རྒྱུ་དེའང་ངོ་ཚ་བའི་བྱ་བ་ཞིག་མ་རེད”ཅེས་བརྗོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།