ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཡོ་རོབ་གླིང་གྲོས་ཁང་ནས་ཡོ་རོབ་གླིང་མནའ་འབྲེལ་གྱི་གལ་ཆེན་རང་བཞིན་ནན་བཤད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་བདུན་ཉིན་ཡོ་རོབ་གླིང་གྲོས་ཁང་ནས་ཡོ་རོབ་གླིང་མནའ་འབྲེལ་གྱི་གལ་ཆེན་རང་བཞིན་ནན་བཤད་བྱས།

ཀུའུ་ཐི་ལོས་སི་ཡིས་ཡོ་རོབ་གླིང་གྲོས་ཁང་ནས་གཏམ་བཤད་སྤེལ་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། དེ་ནི་ཀུའུ་ཐི་ལོས་སི་ཡིས་ད་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ལས་འགན་ཁུར་བའི་ཚུན་ལ་ཐོག་དང་པོར་ཡོ་རོབ་གླིང་གྲོས་ཁང་ནས་གཏམ་བཤད་སྤེལ་བ་རེད། ཀུའུ་ཐི་ལོས་སི་ཡིས་གཅིག་སྟོང་དགུ་བརྒྱ་གོ་ལྔ་ལོ་ནས་ཉིས་སྟོང་གཉིས་ལོའི་བར་ཕུའུ་ཐའོ་ཡཱའི་ཙུང་ལིའི་འགན་ཁུར་བ་རེད།

ཀུའུ་ཐི་ལོས་སི་ཡིས་སི་ཐི་ལཱ་སི་པའོ་རུ་ཡོད་པའི་ཡོ་རོབ་གླིང་གྲོས་ཁང་ནས་བཤད་རྒྱུར། མཉམ་འབྲེལ་གྱི་སྟོབས་དང་ལྡན་པའི་ཡོ་རོབ་གླིང་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྨང་རྡོ་གལ་ཆེན་ཞིག་ཡིན་པ་དང་། དེ་ནི་ངས་ཡོ་རོབ་གླིང་གྲོས་ཁང་གི་གྲོས་མི་ཚང་མར་མངོན་གསལ་གྱིས་བསྟན་པའི་བརྡ་ཡིན་ཟེར།

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ཁོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅོས་བསྒྱུར་ཐད་འབད་བརྩོན་བྱས་ཏེ་ཕན་འབྲས་སྔར་ལས་ཇེ་མཐོར་གཏོང་རྒྱུ་ཡིན་པ་དང་། ཡང་བསྐྱར་ཕྱི་ཕྱོགས་ཀྱི་ཡིད་ཆེས་ཆགས་པར་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་མི་རྣམས་ཀྱི་སེམས་ཁུར་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། འཇིགས་སྐུལ་རིང་ལུགས་ཐག་གཅོད་བྱེད་པ་དང་། ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་གནད་དོན་དང་ཡུལ་གྱར་བའི་ཉམས་ཉེན་ཐག་གཅོད་བྱེད་སྐབས། འཛམ་གླིང་ཡོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་ཟེར།
ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཁྲུག་རྩོད་དང་རྩོད་གླེང་ཐག་གཅོད་བྱེད་པའི་ནུས་པར་ཤུགས་སྣོན་བྱེད་དགོས་པ་དང་། ཞོར་དུ་འཁྲུག་རྩོད་དང་རྩོད་གླེང་འབྱུང་བར་སྔོན་འགོག་བྱས་ཏེ། འཛམ་གླིང་གི་ཞི་བདེ་སྲུང་འཛིན་བྱེད་དགོས། དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མིག་སྔར་ཐོག་མར་བསམ་བློ་གཏོང་བའི་ལས་དོན་ཡིན་ཟེར།

ཡོ་རོབ་གླིང་གྲོས་ཁང་གི་གྲོས་དཔོན་ཨན་ཏུང་ནེ་ཨོ་ཐཱ་ཡཱ་ནེ་ཡིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་དང་ཡོ་རོབ་གླིང་མནའ་འབྲེལ་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ་བཙུགས་པ་ཡིན་ཞིང་། དམིགས་ཡུལ་ནི་ཕྱོགས་མང་བོའི་མཉམ་ལས་ལ་བརྟེན་ནས་ཞི་བདེ་དང་དར་རྒྱས་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཡིན་ཟེར།

ཨན་ཏུང་ནེ་ཨོ་ཐཱ་ཡཱ་ནེ་ཡིས་བཤད་རྒྱུར། ང་ཚོས་མཉམ་དུ་ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཇུས་གཞི་འཚོལ་ཞིབ་བྱེད་དགོས་པ་དང་། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དང་འཇིགས་སྐུལ་རྩ་འཛུགས་ལ་ཁ་གཏད་འཇལ་དགོས། ང་ཚོས་མཉམ་དུ་མིའི་རིགས་ཀྱི་ཐུན་མོང་གི་ལ་རྒྱ་དང་རང་དབང་ལ་སྲུང་སྐྱོབ་བྱས་ཤིང་། མི་རབས་རྗེས་མར་རེ་བ་ལྡན་པར་བྱེད་ཆེད། ཉིས་སྟོང་སུམ་ཅུ་ལོའི་ཉིན་རིམ་གང་མགྱོགས་སྒོས་དངོས་འབེབ་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།