ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་གསར་འགྱུར་ལས་རིགས་ཀྱི་གཞུང་སྒྲུབ་ཁང་ལ་འཇབ་རྒོལ་ཐེབས་ཏེ་མི་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ནན་ཀི་ཧཱ་ཨར་ཞིང་ཆེན་གྱི་སྲིད་གཞུང་གི་མགྲིན་ཚབ་པ་ཧུའུ་ཅི་ཡཱ་ནེ་ཡིས་ཚེས་བཅུ་བདུན་ཉིན་བདེན་དཔང་བྱས་དོན། དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཉིན་དེར་ཨ་ཧྥུའུ་ཧན་གྱི་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཞིང་ཆེན་དེའི་ལྟེ་གནས་གྲོང་ཁྱེར་ཅཱ་ལཱ་ལཱ་པཱ་ཏི་རུ་ཡོད་པའི་གཞུང་སྒྲུབ་ཁང་ལ་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་འཇབ་རྒོལ་མཁན་གསུམ་དང་བཅས་པའི་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་བདུན་ལ་རྨས་ཕོག་ཡོད་ཟེར།

ཧུའུ་ཅི་ཡཱ་ནེ་ཡིས་ཉིན་དེར་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་དང་ཕྱེད་ཀའི་ཡས་མས་སུ་བྱུང་། མིག་སྔར་རྨས་སྐྱོན་ཐེབས་པའི་མི་སྣ་ཚང་མ་ས་དེའི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ལ། དེའི་ནང་མི་བརྒྱད་ཀྱི་རྨས་སྐྱོན་ཅུང་ཚབས་ཆེན་རེད་ཟེར།

ཁོས་བཤད་རྒྱུར། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན་དྲག་ཆས་ཉེས་ཅན་གསུམ་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ནང་ཞུགས་ཡོད་པ་དང་། དེའི་ནང་མི་གཉིས་ཀྱིས་འཇབ་རྒོལ་ཁྲོད་རང་ལུས་ཀྱི་འགད་རྫས་འགས་གཏོར་བཏང་བ་དང་། མི་གཞན་པ་གཅིག་གིས་བདེ་འཇགས་མི་སྣ་དང་འཁྲུག་རྩོད་བྱེད་སྐབས་བསད་པ་རེད་ཟེར།

འཇབ་རྒོལ་དོན་རྐྱེན་བྱུང་རྗེས། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།