ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་དངུལ་ཁང་དང་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གིས་དྲན་ཐོར་མིང་རྟགས་བཀོད་ནས་མཉམ་ལས་ཟབ་ཏུ་བཏང་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-05-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4ཚེས23ཉིན་འཛམ་གླིང་དངུལ་ཁང་དང་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གིས་ཝ་ཧྲིང་ཐོན་དུ་དྲན་ཐོར་མིང་རྟགས་བཀོད་ནས་ཕྱོགས་གཉིས་པོའི་འབྱུང་འགྱུར་གྱི་མཉམ་ལས་ཟབ་ཏུ་བཏང་བ་རེད།

འཛམ་གླིང་དངུལ་ཁང་གིས་ཉིན་དེར་གསལ་བསྒྲགས་སྤེལ་བའི་ནང་དྲན་ཐོ་དེས་ཕྱོགས་གཉིས་པོའི་གསར་སྤེལ་དང་མ་རྩ་མཉམ་འདྲེས་དང་། མི་སྣ་སྤེལ་རེས་སོགས་ཕྱོགས་གཉིས་པོས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་ཁྱབ་ཁོངས་སུ་མཉམ་ལས་སྒྲོམ་གཞི་མཁོ་འདོན་བྱས་ནས་ཕྱོགས་གཉིས་པོས་ས་ཁུལ་དང་དེ་བཞིན་རྒྱལ་ཁབ་རིམ་ངོས་ཀྱི་མཐུན་སྦྱོར་མཉམ་ལས་བྱ་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་རེད་ཅེས་འཁོད་ཡོད་པ་རེད།

འཛམ་གླིང་དངུལ་ཁང་གི་ཧང་ཀྲང་ཅིན་གཡུང་གིས་གསལ་བསྒྲགས་ནང་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་ལས་གཉེར་བྱེད་འགོ་ཚུགས་ཚུན་འཛམ་གླིང་དངུལ་ཁང་གིས་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་དང་མཉམ་ལས་གཏིང་ཟབ་བྱས་ཡོད་ཅེས་གསུངས་པ་དང་། ཁོང་གིས་ཕྱོགས་མང་གི་གསར་སྤེལ་སྒྲིག་གཞིའི་དབར་མཉམ་ལས་བྱ་རྒྱུ་དེ་ནི་ཐོན་ཁུངས་དཀོན་པོ་སྐོང་འཐེན་བྱེད་རྒྱུ་དང་། སྒེར་གཉེར་སྡེ་ཚན་ཞུགས་ཐབས་བྱེད་རྒྱུ། དེ་བཞིན་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེན་པོ་ལྡན་ཡོད་ཅེས་གསུངས་པ་རེད།

ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་ཧང་ཀྲང་ཅིན་ལི་ཆུན་གྱིས་གསལ་བསྒྲགས་དེའི་ནང་དྲན་ཐོར་མི་རྟགས་བཀོད་པ་དེ་ནི་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གིས་བཀའ་ལྟར་བསྒྲུབས་པའི་རྒྱལ་སྤྱི་ཅན་གྱི་འདུ་ཤེས་གསར་པ་དང་མཐུན་ནས་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་དང་འཛམ་གླིང་དངུལ་ཁང་གི་མཉམ་ལས་ཀྱི་འབྲེལ་བ་སྔར་བས་ཟབ་ཏུ་འགྲོ་རྒྱུ་རེད་ལ། ཕྱོགས་གཉིས་པོས་མཉམ་ལས་བྱས་པ་བརྒྱུད་ཨེ་ཤེ་ཡའི་ས་ཁུལ་ལ་དེ་བས་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་རྒྱུའི་རེ་བའང་ཡོད་ཅེས་གསུངས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།