ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིའི་བདེ་འཇགས་ལས་ཁུངས་ཀྱིས་འདེམས་བསྐོ་ཆེན་པོའི་སྔ་ནུབ་ཏུ་འཇིགས་སྐུལ་འཇབ་རྒོལ་གྱི་ལྐོག་ཇུས་ཤིག་གཏོར་ཕམ་བཏང་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4ཚེས18ཉིན། ཧྥན་རན་སིའི་ནང་སྲིད་པུའུ་ཀྲང་མ་ཏིང་ཡ་སི་•ཧྥེ་ཁོར་གྱིས་ཉིན་དེར་བདེ་འཇགས་ལས་ཁུངས་ཀྱིས་ཙུང་ཐུང་འདེམས་བསྐོའི་འདེམས་ཤོག་རེས་སྐོར་དང་པོ་འཕེན་པའི་སྔ་ནུབ་ཏུ་འཇིགས་སྐུལ་འཇབ་རྒོལ་ངན་སློང་བྱེད་སེམས་བཅངས་པའི་ལྐོག་ཇུས་ཤིག་གཏོར་ཕམ་བཏང་ནས་གྱོད་གཞི་དེ་དང་འབྲེལ་བའི་ཐལ་སྐྱོད་པ་གཉིས་འཛིན་བཟུང་བྱས་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།

ཉིན་དེར་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ཧྥེ་ཁོར་གྱིས་གྱོད་གཞི་དེ་དང་འབྲེལ་བའི་སྐྱེས་པ་དེ་གཉིས་ཀའི་རྒྱལ་ཁོངས་ཧྥ་རན་སི་ནས་ཡིན་ཞིང་། སོ་སོ་ལོ་23དང་ལོ་29ལོན་ཡོད་པ་དང་། ཁོ་གཉིས་ནི་ཧྥ་རན་སི་རྒྱལ་ཁབ་ལྷོ་རྒྱུད་མཱ་སེ་གྲོང་ཁྱེར་དུ་འཛིན་བཟུང་བྱས་ཤིང་། བདེ་འཇགས་ལས་ཁུངས་ཀྱིས་དེ་གཉིས་འཛིན་བཟུང་མ་བྱས་གོང་ནས་ཁོ་གཉིས་ལ་ཐལ་སྐྱོད་ཀྱི་ཕྱོགས་ལྷུང་ཡོད་པར་དོ་སྣང་བྱེད་ཀྱི་ཡོད་པ་མ་ཟད་ཁོ་གཉིས་ཀྱི་འགྲོ་སྡོད་ལའང་ལྟ་ཞིབ་དམ་པོ་བྱས་ཡོད་ཅེས་བརྗོད་པ་རེད། 

ཧྥེ་ཁོར་གྱིས་ཧྥ་རན་སིའི་སྲིད་གཞུང་གིས་ཐབས་ཇུས་ཡོད་ཚད་ལག་བསྟར་བྱས་ཏེ་ཙུང་ཐུང་འདེམས་བསྐོ་བདེ་བླག་ངང་ལེགས་འགྲུབ་ཡོང་བར་འགན་སྲུང་བྱ་རྒྱུ་ཡིན་པ་མ་ཟད། ད་དུང་མི་ཤུགས་བསྐོང་བསྡུ་བྱས་ནས་ཙུང་ཐུང་འོས་མི་དང་འདེམས་བསྐོར་ཞུགས་པའི་ཏང་ཤོག་ཁག་གི་སྤྱི་ཁྱབ་པུའུ་ཡི་བདེ་འཇགས་འགན་སྲུང་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

ཉིན་དེར་ཧྥ་རན་སིའི་ཙུང་ཐུང་ཨའོ་ལང་ཏེ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་དུས་ཐེངས་འདི་འཛིན་བཟུང་བྱ་སྤྱོད་ནི“གཟེངས་སུ་ཐོན་པའི་བྱ་སྤྱོད་ཅིག་རེད”ཅེས་བརྗོད་པ་རེད།

ཧྥ་རན་སིའི་སྨྱན་སྦྱོར་ལས་ཁུངས་ཀྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ཉེན་རྟོག་ཕྱོགས་ཀྱིས་ཐལ་སྐྱོད་པ་དེ་གཉིས་ཀྱི་སྡོད་སའི་ལས་ཤག་ཏུ་རང་ལྕེབ་རྣམ་པའི་འཇབ་རྒོལ་བས་རྒྱུན་སྤྱོད་ཀྱི་འབར་འགད་རང་བཞིན་ཆེན་པོ་ལྡན་པའི་འབར་རྫས་རྩད་ཆོད་ལག་ཟིན་བྱུང་བ་དང་། དེ་མིན་ཁོ་ཚོས་བཟོས་པའི་པར་རིས་ལ་བལྟས་ན། ཙུང་ཐུང་ཟུར་པ་དང་གཡས་རུ་པའི་སྤྱི་མཐུན་ཏང་གི་འོས་མི་ཧྥུའུ་ལང་སུའོ་ཝ་•ཧྥེ་ཡུང་ནི་ཕལ་ཆེར་ཁོ་ཚོས་འཇབ་རྒོལ་བྱེད་སའི་དམིགས་འབེན་ཡིན་གྱི་རེད། 

ཧྥ་རན་སིའི་ཙུང་ཐུང་འདེམས་བསྐོ་ནི་ཟླ4ཚེས23ཉིན་ལ་རེས་སྐོར་དང་པོའི་འདེམས་ཤོག་འཕེན་རྒྱུ་ཡིན་ཞིང་། འདེམས་ཤོག་ཐོབ་ཚད་མང་ཤོས་ཀྱི་འོས་མི་གཉིས་རེས་སྐོར་གཉིས་པའི་འདེམས་ཤོག་འཕེན་པར་ཚུད་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།