ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལོས་སི་ཡིས་ཧྲི་ཐེ་ནཱ་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཁང་གི་མགོ་བར་མིང་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅོ་བརྒྱད་ཉིན་འཇར་མན་ནས་ཡོང་བའི་ཧྲི་ཐེ་ནཱ་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཁང་གི་མགོ་བར་མིང་འདོན་རྒྱུ་ཁྱབ་སྒྲོག་བྱས་པ་དང་། མིང་འདོན་དེར་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་ཁས་ལེན་ཐོབ་དགོས་པ་རེད།

དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཉིན་དེར་རྒྱུན་ལྡན་གྱི་སྒྲོག་སྤེལ་ཚོགས་འདུའི་སྟེང་གསལ་སྒྲོག་སྒྲོག་འདོན་བྱས་ཏེ་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཁང་ལག་བསྟར་ཨུ་ཡོན་ལྷན་ཁང་དང་གྲོས་མོལ་བྱས་རྗེས། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ལ་འཕྲིན་ཡིག་བཏང་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་མིང་འདོན་དེར་ཁས་ལེན་བྱེད་དགོས་པའི་རེ་ཞུ་བྱས་ཟེར།

མིང་འདོན་དེར་ཁས་ལེན་ཐོབ་རྗེས། ཧྲི་ཐེ་ནཱ་ཡིས་ཧེ་ལོན་ཁི་ལཱ་ཁི་ཡི་ཚབ་ཏུ་གསར་སྤེལ་འཆར་འགོད་ཁང་གི་མགོ་བའི་འགན་ཁུར་རྒྱུ་ཡིན་པ་དང་། འགན་ཡུན་ལོ་ངོ་བཞི་རེད།

ཧྲི་ཐེ་ནཱ་ནི་གཅིག་སྟོང་དགུ་བརྒྱ་རེ་གཅིག་ལོར་སྐྱེས་པ་དང་། ཉིས་སྟོང་དྲུག་ལོ་ནས་ཉིས་སྟོང་བཅུ་དྲུག་ལོའི་བར་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཁང་གི་ལག་བསྟར་ཀྲུའུ་རིན་གྱི་འགན་ཁུར་བ་དང་། རྗེས་སུ་ཉིག་ཅིན་སློབ་ཆེན་ནས་ལས་འགན་ཁུར་བ་རེད། ཧྲི་ཐེ་ནཱ་ཡིས་འཛམ་གླིང་ཡོངས་ཀྱི་སྲིད་གཞུང་དང་སྲིད་གཞུང་མ་ཡིན་པའི་རྩ་འཛུགས། རྒྱལ་སྤྱིའི་རྩ་འཛུགས་སོགས་སུ་ལས་འགན་ཁུར་མྱོང་བ་རེད།

མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཁང་དེ་གཅིག་སྟོང་དགུ་བརྒྱ་རེ་ལྔ་ལོར་དངོས་སུ་བཙུགས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་འཕེལ་རྒྱས་མ་ལག་ཁྲོད་ཆེས་ཆེ་བའི་ཕྱོགས་མང་བོའི་སྐྱིན་ཚབ་མེད་པའི་རོགས་སྐྱོར་ལས་ཁུངས་ཡིན་ལ། སྤྱི་ཁྱབ་པུའུ་ཨ་མེ་རི་ཁའི་ཉིག་ཡོ་གྲོང་ཁྱེར་དུ་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།