ཀྲུང་གོ་བོད་ཀྱི་དྲ་བ།

ལི་པེ་རི་ཡར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་གཏོང་ཚོགས་པའི་སྤྱི་ཁྱབ་ཉེན་རྟོག་ལྟ་ཞིབ་པས་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་ཉེན་རྟོག་གཏུམ་འགོག་རུ་ཁག་ལ་ཚད་མཐོའི་གདེང་འཇོག་བྱས་པ།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།     སྤེལ་དུས། : 2017-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མོང་རོ་ཝི་ཡ་ནས་གནས་ཚུལ་འབྱོར་གསལ། ལི་པེ་རི་ཡར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་གཏོང་ཚོགས་པའི(མཉམ་འབྲེལ་རྒྱལ་ཚོགས་ལི་པེ་རི་ཡ་ཚོགས་པ)སྤྱི་ཁྱབ་ཉེན་རྟོག་ལྟ་ཞིབ་པ་ཤི་མོང་·པུའུ་ལ་ཆི་ཡིས་ས་གནས་དེ་གའི་དུས་ཚོད་ཚེས་10ཉིན་ཀྲུང་གོའི་གཏུམ་འགོག་རུ་ཁག་གི་ཉམས་སད་ཐེག་ཐུབ་པའི་བྱང་ཚད་དང་ཆེད་ལས་རྩལ་ནུས་ལ་ཚད་མཐོའི་གདེང་འཇོག་བྱས་པ་རེད།

ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་10ཉིན་གྱི་ཕྱི་དྲོ་མཉམ་འབྲེལ་རྒྱལ་ཚོགས་ལི་པེ་རི་ཡ་ཚོགས་པའི་སྤྱི་ཁྱབ་ཉེན་རྟོག་ལྟ་ཞིབ་པ་པུའུ་ལ་ཆི་ཡིས་ལི་པེ་རི་ཡར་བཅའ་སྡོད་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་ཉེན་རྟོག་གཏུམ་འགོག་རུ་ཁག་ཁག་ལྔ་པར་རྟོག་ཞིབ་བྱས་པ་རེད།

རྟོག་ཞིབ་བྱེད་རིང་པུའུ་ལ་ཆི་ཡིས་ད་དུང་གཏུམ་འགོག་རུ་ཁག་གི་རུ་མི་དང་བཞུགས་མོལ་བྱས་ཤིང་། ཁོང་གིས“ཁྱེད་ཚོའི་ཆེད་ལས་ཀྱི་བྱང་ཚད་དང་དོ་དམ་གྱི་ཆུ་ཚད་དང་དེ་བཞིན་ཚན་རྩལ་མཐོ་བའི་གོ་ཆས་ལ་ང་རང་ཧང་སངས་བྱུང་། ཁྱེད་ཚོས་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་ཉེན་རྟོག་པའི་སྲོལ་རྒྱུན་བཟང་པོ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་གཟི་བརྗིད་དེར་སྲུང་སྐྱོབ་བྱ་རྒྱུའི་རེ་བ་ཡོད། ལི་པེ་རི་ཡར་ཞི་བདེ་སྲུང་སྐྱོང་གི་ཉེན་རྟོག་གཏུམ་སྤྱོད་འགོག་རྒོལ་རུ་ཁག་འདི་ལྟ་བུ་ཞིག་ཡོད་པར་ང་རང་སྤོབས་པ་སྐྱེ་གི་འདུག”ཅེས་བརྗོད།

ཤེས་རྟོགས་བྱུང་བར་གཞིགས་ན། ལི་པེ་རི་ཡར་བཅའ་སྡོད་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་ཉེན་རྟོག་གཏུམ་སྤྱོད་འགོག་རྒོལ་རུ་ཁག་ཁག་ལྔ་པ་ཀོང་ཤིས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་རྐྱང་པ་ལས་གྲུབ་པ་ཞིག་ཡིན་པ་དང་ཟླ་3ཚེས་11ཉིན་ལས་འགན་ཁུར་ཡུལ་དུ་བཅའ་སྡོད་བྱས་ཚུན་སྔ་རྗེས་སུ་མཉམ་འབྲེལ་སྐོར་ཞིབ་དང་། རྒྱུན་གཏན་གྱི་སྐོར་ཞིབ། མཁའ་ཐོག་ནས་སྐོར་ཞིབ་སོགས་ཞི་བདེ་སྲུང་སྐྱོང་གི་ལས་འགན་ཁག་མང་པོ་ལེགས་སྒྲུབ་བྱས་པར་མཉམ་འབྲེལ་རྒྱལ་ཚོགས་ལི་པེ་རི་ཡ་ཚོགས་པའི་ཁས་ལེན་དང་འདེང་འཇོག་ཡག་པོ་ཐོབ་ཡོད།

རྩོམ་སྒྲིག་པ། : འབུམ་པ་རྒྱལ།