ཀྲུང་གོ་བོད་ཀྱི་དྲ་བ།

སུའེ་ཏེན་རྒྱལ་ཡོངས་ཀྱིས་དངོས་སྐྱེལ་རླངས་འཁོར་གྱི་འཇབ་རྒོལ་ཁྲོད་ཀྱི་འདས་པོར་མྱ་ངན་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཅུ་ཉིན་གྱི་ཉིན་གུང་། སུའེ་ཏེན་རྒྱལ་ཡོངས་ཀྱིས་དངོས་སྐྱེལ་རླངས་འཁོར་གྱི་འཇབ་རྒོལ་དོན་རྐྱེན་ཁྲོད་ཀྱི་འདས་པོར་མྱ་ངན་ཞུས།

ཉིན་གུང་གི་དུས་ཚོད་བཅུ་གཉིས་སྟེང་། མི་རྣམས་ཀྱིས་སུའེ་ཏེན་གྱི་ས་ཁུལ་སོ་སོའི་གྲོང་སྲིད་ཐིན་དང་། ཆོས་ཁང་། ཐང་ཆེན་སོགས་ནས་སྐར་མ་གཅིག་རིང་མྱ་ངན་ཞུས། ས་ཁུལ་སོ་སོའི་མཚོན་བྱེད་རང་བཞིན་ལྡན་པའི་བཟོ་བཀོད་སོགས་ཀྱིས་དར་ཆ་ཕྱེད་ཙམ་མར་ཕབ་ནས་མྱ་ངན་ཞུས། ཉིན་དེར་ཆར་བ་ཟམ་ཟིམ་འབབ་བཞིན་ཡོད་ཀྱང་། རྒྱལ་ས་སི་ཏི་ཀི་ཨར་མའོ་གྲོང་ཁྱེར་ལྟེ་གནས་ཀྱི་འཇབ་རྒོལ་དོན་རྐྱེན་བྱུང་སར་སྡོད་དམངས་མང་བོ་འདུས་ཡོད་ལ། ཁོ་ཚོས་མེ་ཏོག་ཕུལ་ནས་འདས་པོར་མྱ་ངན་ཞུས་པ་རེད།

སུའེ་ཏེན་གྱི་རྒྱལ་བོ་ཁཱ་ཨར་སྐུ་ཕྲེང་བཅུ་དྲུག་པ་ཀུའུ་སི་ཐཱ་ཧྥུའུ་དང་བཙུན་མོ་ཞི་ཨར་ཝེ་ཡཱ། རྒྱལ་སྲས་ཧྥེ་ལེ་ཕུའུ། ཀོང་ཇོ་མཱ་ཏི་ལེ་ནཱ། དེ་མིན་སྲིད་གཞུང་གི་མགོ་གཙོ་སོགས་ཀྱིས་སི་ཏི་ཀི་ཨར་མའོ་གྲོང་སྲིད་ཐིན་གྱི་མེ་ཏོག་ལྡུམ་ར་ནས་མྱ་ངན་ཞུ་བའི་མཛད་སྒོ་སྤེལ།

སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་ལེ་ཝུན་གྱིས་མྱ་ངན་ཞུས་རྗེས་འདས་པོའི་ཁྱིམ་མར་ཞུ་ཚིག་ཕུལ་ཏེ་བཤད་རྒྱུར། ཁྱོད་ཚོ་ཁེར་རྐྱང་མིན་པ་དང་། སུའེ་ཏེན་རྒྱལ་ཡོངས་མི་དམངས་ཁྱོད་ཚོ་དང་མཉམ་དུ་ཡོད་ཟེར། ལེ་ཝུན་གྱིས་ད་རུང་བཤད་རྒྱུར། སུའེ་ཏེན་མི་དམངས་ཀྱི་བློ་སྤོབས་ཆེ་ཞིང་། འཇབ་རྒོལ་མཁན་ལ་མགོ་སྒུར་མི་སྲིད། ང་ཚོའི་དམངས་གཙོ་དེ་ཐལ་སྤྱོད་རིང་ལུགས་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་ཟེར།

སུའེ་ཏེན་ཉེན་རྟོག་ཕྱོགས་ཀྱིས་ཚེས་དགུའི་ཉིན་བསྟན་དོན། སི་ཏི་ཀི་ཨར་མའོ་གྲོང་ཁྱེར་གྱི་དངོས་སྐྱེལ་རླངས་འཁོར་གྱི་འཇབ་རྒོལ་དོན་རྐྱེན་གྱི་དོགས་ཡོད་ཉེས་ཅན་གཙོ་བོ་ཞིག་ནི་ཝུའུ་ཙི་པེ་ཁི་སི་ཐན་ནས་ཡོང་ཞིང་གཏན་སྡོད་རེ་ཞུ་དང་ལེན་མ་བྱས་པའི་སྐྱེས་པ་ཞིག་རེད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།