ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་ལས་ཁུངས་ཆེན་མོ་གསུམ་གྱིས་མུ་མཐུད་དུ་འཛམ་གླིང་ཡོངས་ཀྱི་ཉོ་ཚོང་གཞི་གཅིག་ཅན་ལ་ཡར་སྐུལ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་དངུལ་ལོར་རྩ་འཛུགས་དང་། འཛམ་གླིང་དངུལ་ཁང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་བཅས་ཀྱིས་ཚེས་བཅུ་ཉིན་མཉམ་འབྲེལ་སྒོས་སྙན་ཞུ་སྤེལ་ཏེ། དཔལ་འབྱོར་ཚོགས་ཁག་སོ་སོས་ཉོ་ཚོང་ལས་བཟོས་པའི་ཤུགས་རྐྱེན་ངན་པ་ཇེ་དམའ་རུ་གཏོང་བའི་བྱེད་ཐབས་སྤྱད་དེ་མུ་མཐུད་དུ་འཛམ་གླིང་ཡོངས་ཀྱི་ཉོ་ཚོང་གཞི་གཅིག་ཅན་ལ་ཡར་སྐུལ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཁ་ཡིག་ལ་ཉོ་ཚོང་ལ་ཡར་སྐུལ་གཏོང་བ་དེ་མི་སོ་སོར་ཕན་པའི་འཕར་སྣོན་གྱི་སྒུལ་ཤུགས་ཡིན་ཞེས་པའི་སྙན་ཞུ་དེ་ལས། མིག་སྔར་འཛམ་གླིང་ཡོངས་ཀྱི་ཉོ་ཚོང་དེ་གནད་འགག་གི་སྐབས་སུ་གནས་ཡོད་པ་དང་། ཉིས་སྟོང་བརྒྱད་ལོའི་དངུལ་ལོར་ཉམས་ཉེན་བྱུང་རྗེས། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་དལ་བ་དང་། ཉོ་ཚོང་སྲུང་སྐྱོབ་རིང་ལུགས་མགོ་འབུས་བྱུང་ཡོད་ལ། ཉོ་ཚོང་རང་དབང་ཅན་གྱི་འཕེལ་རིམ་དལ་བ་སོགས་རྒྱུ་རྐྱེན་ལས་ཉེ་བའི་ལོ་འགའི་རིང་འཛམ་གླིང་ཡོངས་ཀྱི་ཉོ་ཚོང་འཕར་སྣོན་གྱི་མྱུར་ཚད་དལ་བ་ཡིན།

སྙན་ཞུ་ལས་བཤད་རྒྱུར། མིག་སྔར་དཔལ་འབྱོར་ཚོགས་ཁག་སོ་སོས་སྒོ་ཁྲལ་གྱི་བཀག་རྒྱ་ཇེ་དམའ་རུ་སོང་ཡོད་ཀྱང་། སྒོ་ཁྲལ་བཀག་རྒྱ་སྔར་བཞིན་གནས་ཡོད། འཛམ་གླིང་ཡོངས་ཀྱི་ཉོ་ཚོང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཞབས་ཞུའི་ཉོ་ཚོང་དང་གྲངས་ལྡན་ཉོ་ཚོང་སྔར་བཞིན་སྲིད་ཇུས་ཀྱི་བཀག་རྒྱར་འཕྲད་ཡོད། ཕྱོགས་གཉིས་དང་ཕྱོགས་མང་བོའི་ཉོ་ཚོང་གྲོས་ཆོད་མྱུར་དུ་འཕར་བ་དང་། གྲོས་ཆོད་ཁག་ཅིག་འགྲན་རྩོད་སྲིད་ཇུས་དང་། དངུལ་གཏོང་དང་། མ་རྩའི་འཁོར་རྒྱུག ཤེས་བྱའི་ཐོན་དབང་སྲུང་སྐྱོབ་སོགས་གསར་གཏོད་ཀྱི་ནང་དོན་ལ་འབྲེལ་ཡོད་ལ། འཛམ་གླིང་ཉོ་ཚོང་རྩ་འཛུགས་ལ་ཕན་ནུས་ལྡན་པའི་ཁ་གསབ་ཀྱི་རྣམ་པ་ཆགས་ཡོད།

སྙན་ཞུ་ལས་བསྟན་དོན། འཛམ་གླིང་ཡོངས་ཀྱི་ཉོ་ཚོང་གཞི་གཅིག་ཅན་ལ་ཡར་སྐུལ་བཏང་ན་ཕན་ནུས་ལྡན་པའི་སྒོ་ནས་ཐོན་སྐྱེད་ཀྱི་ཚད་དང་འགྲན་རྩོད་ནུས་པ་ཇེ་མཐོར་གཏོང་བ་དང་། ཐོན་རྫས་ཀྱི་རིན་གོང་ཇེ་དམའ་རུ་གཏོང་བ། མིའི་རིགས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་ཐུབ། ཡིན་ཡང་སྙན་ཞུ་དེ་ལས་ཉོ་ཚོང་གིས་ཚད་ངེས་ཅན་ཞིག་གི་སྟེང་ནས་ཚོགས་ཁག་སྐོར་ཅིག་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད་པ་ཁས་ལེན་བྱས་ཡོད་ཟེར།

རྒྱལ་སྤྱིའི་ལས་ཁུངས་ཆེན་མོ་གསུམ་གྱིས་དཔལ་འབྱོར་ཚོགས་ཁག་སོ་སོས་སྤྱི་ཚོགས་ཀྱི་བདེ་འཇགས་དྲ་བར་ཤུགས་སྣོན་བྱས་ཤིང་། ངལ་རྩོལ་བཟོ་བའི་སྲིད་ཇུས་དང་སློབ་གསོའི་གསོ་སྦྱོང་མ་ལག་ལེགས་བཅོས་བྱས་ནས། འགྲན་རྩོད་དང་ཐོན་སྐྱེད་ཀྱི་ཚད་ཇེ་མཐོར་གཏོང་བའི་སྲིད་ཇུས་ལ་ཡར་སྐུལ་གཏོང་དགོས་པའི་འབོད་སྐུལ་བཏང་།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།