ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་གསར་འགྱུར་ལས་རིགས་ཀྱིས་ཨ་མེ་རི་ཁས་སྣེ་ཁྲིད་པའི་རྒྱལ་སྤྱིའི་མནའ་འབྲེལ་གྱིས་སི་རི་ཡཱའི་སྡེ་བར་བར་སྣང་འཇབ་རྒོལ་བྱས་ཏེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་བར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་གསར་འགྱུར་ལས་རིགས་ཀྱིས་ཚེས་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁས་སྣེ་ཁྲིད་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཉིན་དེར་སི་རི་ཡཱའི་བྱང་ཕྱོགས་ཀྱི་ལཱ་ཁཱ་ཞིང་ཆེན་གྱི་སྡེ་བ་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་སེར་དཀྱུས་མ་བཅོ་ལྔ་རྐྱེན་ལམ་དུ་ཤོར་ཟེར།

བསྒྲགས་པ་ལྟར་ན། འདས་པོའི་ཁྲོད་དུ་བྱིས་པ་གསུམ་ཡོད། བར་སྣང་འཇབ་རྒོལ་དེ་ལས་ད་རུང་མི་མང་བོར་རྨས་ལྗིད་མོ་ཕོག་ཡོད་པས། འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་ངེས་རེད་ཟེར། སྡོད་དམངས་ཀྱི་འདུག་ཁང་དེར་བར་སྣང་འཇབ་རྒོལ་ཁྲོད་གཏོར་བརླག་ཚབས་ཆེན་ཐེབས་ཡོད་ཟེར།

གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཟླ་སྔོན་མར་ལཱ་ཁཱ་ཞིང་ཆེན་གྱི་འགྲོ་སའི་ཁྱིམ་མེད་པའི་མི་བཀོད་སྒྲིག་བྱས་ཡོད་པའི་སློབ་གྲྭ་ཞིག་དང་ཨ་ལེ་ཕའོ་ཞིང་ཆེན་གྱི་དབྱི་སི་ལན་ཆོས་ཁང་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ཏེ། སོ་སོར་མི་སོ་གསུམ་དང་མི་ཞེ་བཞི་རྐྱེན་ལམ་དུ་ཤོར།

ཉིས་སྟོང་བཅུ་བཞི་ལོའི་ཟླ་དགུ་བར། ཨ་མེ་རི་ཁ་སོགས་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་མནའ་འབྲེལ་བཙུགས་ཏེ། སི་རི་ཡཱ་དང་དབྱི་རག་མངའ་ཁོངས་ཀྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས། སི་རི་ཡཱའི་སྲིད་གཞུང་གིས་བལྟས་ན་བྱ་སྤྱོད་དེར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དབང་ཆ་ཐོབ་མེད་པར་འདོད་པ་དང་། ཨ་མེ་རི་ཁས་སྣེ་ཁྲིད་པའི་བར་སྣང་འཇབ་རྒོལ་འགུལ་སྐྱོད་ལས་སི་རི་ཡཱའི་མི་སེར་དཀྱུས་མ་མང་བོར་ཤི་རྨས་ཐེབས་པར་སྐྱོན་འཛུགས་བྱས།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།