ཀྲུང་གོ་བོད་ཀྱི་དྲ་བ།

དྭངས་གསལ་དུས་ཚིགས་སུ་རི་པིན་གྱི་མཛའ་གྲོགས་མི་སྣ་ཀྲུང་གོར་མཆོད་འབུལ་དུ་སླེབས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་4ཚེས་4ཉིན་རི་པིན་གྱི་མཛའ་གྲོགས་མི་སྣ་41ལས་གྲུབ་པའི་ཚོགས་པ་ཞིག་གིས་ཧེ་ལུང་ཅང་ཧར་པིན་གྲོང་ཁྱེར་དུ་ཡོད་པའི་ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་པིན་དམག་གི་དཔུང་སྡེ་ཨང་བདུན་གསུམ་གཅིག་གི་ཉེས་དཔང་བཤམས་སྟོན་ཁང་དུ་ཡོང་ནས“རང་ནོངས་ངོས་ལེན་གྱིས་བྱས་ཉེས་དག་ཐབས་བྱེད་པ་དང་ཕྱིས་སུ་དམག་མི་རྒྱག་པའི་ཞི་བདེའི་རྡོ་རིང”མདུན་དུ་མཆོད་འབུལ་གྱི་བྱེད་སྒོ་ཆེན་པོ་ཞིག་སྤེལ་ཞིང་། རི་པིན་གྱི་མཛའ་གྲོགས་ཚོགས་པ་དེ་རི་པིན་གྱི་མཛའ་གྲོགས་མི་སྣ་དང་རི་པིན་གྱི་དྭ་ཕྲུག་ལས་གྲུབ་པ་དང་སྐུ་ཞབས་ཀྲུང་ཏའོ་ཡིའུ་པཱ་ཡིས་སྣེ་ཁྲིད་སྲོལ་གཏོད་དང་སྒྲིག་འཛུགས་གནང་བ་ཞིག་རེད། དེས་ཀྲུང་གོ་མཛའ་གྲོགས་ཡར་སྐུལ་ལྷན་ཚོགས་ཀྱི་བཀོད་སྒྲིག་ལྟར་བྱེད་སྒོ་དེ་སྤེལ་བ་རེད།

རི་པིན་གྱི་མཛའ་གྲོགས་མི་སྣས་ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་པིན་དམག་གི་དཔུང་སྡེ་ཨང་བདུན་གསུམ་གཅིག་གི་ཉེས་དཔང་བཤམས་སྟོན་ཁང་དུ་ལྟ་སྐོར་བྱས་རྗེས“རང་ནོངས་ངོས་ལེན་གྱིས་བྱས་ཉེས་དག་ཐབས་བྱེད་པ་དང་ཕྱིས་སུ་དམག་མི་རྒྱག་པའི་ཞི་བདེའི་རྡོ་རིང”མདུན་དུ་འདས་མཆོད་བྱེད་སྒོ་སྤེལ་ནས་དཔུང་སྡེ་ཨང་བདུན་གསུམ་གཅིག་གིས་མནར་གཅོད་ཚད་མེད་བཏང་བའི་རྐྱེན་གྱིས་ཚེ་ལས་འདས་པའི་ཀྲུང་གོ་བ་དང་། སུའུ་ལེན་བ། ཁྲའོ་ཞན་བ། མོང་གོལ་བ་སོགས་ཚུད་པའི་རི་འགོག་སྐྱེས་བུ་དམ་པ་3000ལྷག་ཙམ་ལ་མེ་ཏོག་མཆོད་པ་ཕུལ་ནས་གསོལ་བ་སྨོན་ལམ་བཏབ་པ་རེད། 2011ལོའི་ཟླ་6ཚེས་21ཉིན་དངོས་སུ་བཙུགས་པའི“རང་ནོངས་ངོས་ལེན་གྱིས་བྱས་ཉེས་དག་ཐབས་བྱེད་པ་དང་ཕྱིས་སུ་དམག་མི་རྒྱག་པའི་ཞི་བདེའི་རྡོ་རིང”ནི་རི་པིན་གྱི་དམངས་ཁྲོད་ཚོགས་པ་སྟེ་ABCཇུས་འགོད་ཨུ་ཡོན་ལྷན་ཁང་གིས་ལས་འགོ་བརྩམས་པ་དང་རི་པིན་དམངས་ཁྲོད་ཀྱི་མཛའ་གྲོགས་མི་སྣས་མ་དངུལ་བསྡུ་རུབ་བྱས་ཏེ་བཙུགས་པ་ཞིག་རེད། དེ་འདྲ་བྱེད་པའི་དམིགས་ཡུལ་ནི་མནར་གཅོད་ཚད་མེད་ཕོག་པའི་རྐྱེན་གྱིས་ཚེ་ལས་འདས་པའི་རི་འགོག་སྐྱེས་བུ་དམ་པ་དང་། ཀྲུང་གོ་མི་དམངས། དེ་བཞིན་འདས་པོའི་ཁྱིམ་མི་བཅས་ལ་རང་ནོངས་ངོས་ལེན་ཞུས་ནས་བྱས་ཉེས་དག་ཐབས་བྱེད་པའི་ཆེད་དུ་རེད།

མཆོད་འབུལ་བྱེད་སྒོ་སྤེལ་མཇུག་འགྲིལ་རྗེས“རི་པིན་གྱི་དྭ་ཕྲུག་དང་མཛའ་གྲོགས་མི་སྣས་ཀྲུང་གོའི་ཕ་ཚབ་མ་ཚབ་ཀྱི་དྲིན་ཚོར་ཞུ་བའི་སྤེལ་རེས་ཚོགས་འདུ”ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་པིན་དམག་གི་དཔུང་སྡེ་ཨང་བདུན་གསུམ་གཅིག་གི་ཉེས་དཔང་བཤམས་སྟོན་ཁང་དུ་འཚོགས་ཤིང་། རི་པིན་གྱི་དྭ་ཕྲུག་ཚོས་ལས་སླ་པོར་བྱུང་བ་ཞིག་གཏན་ནས་མིན་པའི་ཞི་བདེ་དང་ཁོང་ཚོ་ཆུང་བྱིས་པ་ནས་གསོ་སྐྱོང་བྱེད་མཁན་ཀྲུང་གོའི་ཕ་ཚབ་མ་ཚབ་ཚོའི་བཀའ་དྲིན་དུས་ནམ་ཡང་བརྗེད་མི་སྲིད། སླད་ཕྱིན་མུ་མཐུད་ཕ་ཚ་བུ་རྒྱུད་ལ་ཞི་བདེ་ལས་དམག་འཁྲུག་མི་དགོས་པའི་སློབ་གསོ་བརྒྱབ་ནས་ཀྲུང་རི་དབར་གྱི་མཛའ་གྲོགས་འབྲེལ་བ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་བྱ་རྒྱུ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལེགས་སུ་འགྲོ་ཕྱིར་རང་གི་ནུས་ཤུགས་གང་ཡོད་འདོན་རྒྱུ་ཡིན་ཞེས་བཤད་པ་རེད།

རྩོམ་སྒྲིག་པ། : འབུམ་པ་རྒྱལ།