ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ནི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འགལ་བ་ཐག་གཅོད་པའི་ཐབས་ལམ་ཉག་གཅིག་ཡིན་ཞེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཚེས་ཉེར་དགུ་ཉིན་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་མགོ་གཙོའི་གྲོས་ཚོགས་སྐབས་ཉེར་བརྒྱད་པའི་སྟེང་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ནི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འགལ་བ་ཐག་གཅོད་པའི་ཐབས་ལམ་ཉག་གཅིག་ཡིན་ཟེར།

ཀུའུ་ཐི་ལེ་སི་ཡིས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ནི་ཕ་ལེ་སི་ཐན་པ་དང་དབྱི་སི་རལ་པས་རྒྱལ་ཁབ་ཀྱི་ཕུགས་བསམ་མངོན་འགྱུར་བྱེད་པ་དང་། ཞི་བདེ་དང་བདེ་འཇགས། ལ་རྒྱ་ཡོད་པའི་སྒོ་ནས་འཚོ་བ་རོལ་བའི་ཐབས་ལམ་ཉག་གཅིག་ཡིན་ཞེས་བཤད།

ཀུའུ་ཐི་ལེ་སི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མུ་མཐུད་དུ་ཕ་ལེ་སི་ཐན་མི་དམངས་ཀྱི་དཀའ་སྡུག་ལ་དོ་སྣང་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ལ་གཏོར་བརླག་བྱེད་པའི་ཕྱོགས་གཅིག་གི་འགུལ་སྐྱོད་ཡོད་ཚད་ངེས་པར་དུ་མཚམས་འཇོག་དགོས་ཞེས་བསྟན། ཁོས་དབྱི་སི་རལ་གྱིས་གཏན་སྡོད་བྱེད་ས་ལས་པ་ནི་དེང་སྐབས་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་དུ་འགལ་བ་འབྱུང་བཞིན་པའི་རྒྱུ་གཙོ་བོ་ཞིག་རེད། དེའི་ཐད་ནས་ཀུའུ་ཐི་ལེ་སི་ཡིས་གཏན་སྡོད་བྱེད་ས་ལས་པ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་པས། ངེས་པར་དུ་མཚམས་འཇོག་དགོས་ཞེས་བཤད།

ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་མཱོ་ཀའེ་ལེ་ཉི་ཡིས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ནི་ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་པར་ཕན་པ་ཡོད་པའི་ཐབས་ཤེས་ཉག་གཅིག་རེད་ཅེས་བཤད་པ་མ་ཟད། ཨ་རབ་རྒྱལ་ཁབ་བར་དུ་ལྷག་བསམ་རྣམ་དག་གིས་མཉམ་ལས་བྱེད་པ་ནི་ས་ཁུལ་གྱི་ཞི་བདེ་མངོན་འགྱུར་བྱེད་པའི་གནད་འགག་རེད་ཅེས་ནན་གྱིས་བཤད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།