ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ན་ནིང་ཡེ་མིན་གྱི་འཁྲུག་རྩོད་ཁྲོད་ནས་བྱིས་པ་སྟོང་གཅིག་དང་ལྔ་བརྒྱ་ཞེ་དྲུག་རྐྱེན་ལམ་དུ་ཤོར་ཞེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   བྱིས་པ་ནི་ཡེ་མིན་གྱི་འཁྲུག་རྩོད་ཁྲོད་ཀྱི་གནོད་པ་ཐེབས་མཁན་ཆེས་ཆེན་པོར་གྱུར་ཡོད། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་ཚེས་ཉེར་བདུན་ཉིན་བསྒྲགས་པའི་སྙན་ཞུ་ལྟར་ན། ན་ནིང་བསྡོམས་པས་ཡེ་མིན་གྱི་བྱིས་པ་སྟོང་གཅིག་དང་ལྔ་བརྒྱ་ཞེ་དྲུག་དྲག་ཤུགས་འཁྲུག་རྩོད་ཁྲོད་ནས་རྐྱེན་ལམ་དུ་ཤོར་བ་དང་། དེ་ཉིས་སྟོང་བཅོ་ལྔ་ལོ་ལས་བརྒྱ་ཆའི་བདུན་ཅུས་ཇེ་མང་དུ་སོང་། ཡེ་མིན་གྱི་བྱིས་པ་འབུམ་ལྔ་ཙམ་ལ་འཚོ་བཅུད་ཀྱིས་འདང་གིན་མེད་པ་དང་། དེ་ཉིས་སྟོང་བཅུ་བཞི་ལོའི་ལྡབ་གསུམ་ལ་ཉེ་བ་མ་ཟད། ད་དུང་ཇེ་མང་དུ་འགྲོ་བཞིན་ཡོད་ཟེར།

སྙན་ཞུའི་ནང་བཤད་རྒྱུར། ཉིས་སྟོང་བཅུ་དྲུག་ལོར། ཡེ་མིན་གྱི་སློབ་གྲྭ་ཉིས་བརྒྱ་དང་བཅུ་གཉིས་ལ་འཇབ་རྒོལ་ཐེབས་པ་དང་། དེ་ཉིས་སྟོང་བཅོ་ལྔ་ལོའི་ལྡབ་བཞི་ལྷག་ཡིན་ལ། སློབ་གྲྭ་སྟོང་གཅིག་དང་དྲུག་བརྒྱ་ལྷག་ལ་གཏོར་བརླགས་ཐེབས་པ་དང་ཡུལ་གྱར་པ་བཀོད་སྒྲིག་བྱས་པ། ཡང་ན་དྲག་ཆས་རྩ་འཛུགས་ཀྱིས་བཀོལ་བ་སོགས་ལ་བརྟེན་ནས་སློབ་ཁྲིད་བྱེད་མཚམས་བཞག་པས། བྱིས་པ་འབུམ་གསུམ་དང་ཁྲི་ལྔ་ཙམ་སློབ་གྲྭ་ལས་མི་འབུད་ཐབས་མེད་བྱུང་། ལོ་དེར་སྨན་ཁང་སོགས་སྨན་བཅོས་སྒྲིག་ཆས་ལ་དམིགས་པའི་འཇབ་རྒོལ་བརྒྱ་ཆའི་སུམ་ཅུ་ལྷག་འཕར་བ་དང་། ཡེ་མིན་གྱི་སྨན་བཅོས་མ་ལག་སིལ་བུར་འཐོར་བའི་ཚད་ལ་ཉེ་བ་དང་། བྱིས་པ་ས་ཡ་བདུན་ཙམ་ལ་སྨན་བཅོས་བྱེད་ཐུབ་བཞིན་མེད་ཟེར།

འདས་པའི་ལོ་གཉིས་ཀྱི་རིང་ལ། ཉུང་མཐར་ཡང་བྱིས་པ་སྟོང་གཅིག་དང་ལྔ་བརྒྱ་བདུན་ཅུ་བཙན་གྱིས་དྲག་ཆས་རྩ་འཛུགས་སྣ་ཚོགས་ཀྱི་ཁྲོད་དུ་ཞུགས་སུ་བཅུག་པ་དང་། དེའི་ནང་ལོ་ཚོད་ཆེས་ཆུང་བ་ནི་ལོ་བརྒྱད་རེད། བུ་མོ་སུམ་ཆའི་གཉིས་ལྷག་ལོ་བཅོ་བརྒྱད་ཀྱི་སྔོན་ལ་གཉེན་སྒྲིག་བྱེད་དུ་འཇུག་བཞིན་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ཐེབས་རྩ་ཚོགས་པས་ཚོད་དཔག་བྱས་པ་ལྟར་ན། ཡེ་མིན་ནས་སྐར་མ་བཅུའི་རིང་ལ་ཉུང་མཐར་ཡང་བྱིས་པ་གཅིག་འཚོ་བཅུད་ཀྱིས་མ་འདང་བ་དང་། ཁོག་པ་བཤལ་བ། དབུགས་ལམ་གྱི་འགོས་ནད་སོགས་དྲག་སྐྱེད་འབྱུང་ཐུབ་པའི་ནད་རིགས་ཕོག་ནས་ཚེ་ལས་འདས་བཞིན་ཡོད་ཟེར།

ཉིས་སྟོང་བཅུ་བཞི་ལོའི་ཟླ་དགུ་བར། ཡེ་མིན་གྱི་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་རྒྱལ་ས་སཱ་ན་བཙན་བཟུང་བྱས་པ་དང་། དེའི་རྗེས་སུ་ལྷོ་ཕྱོགས་ས་ཁུལ་བདག་ཏུ་བཟུང་བས། ཙུང་ཐུང་ཧ་ཏེ་སོ་ཏི་ཨ་རབ་རྒྱལ་ཁབ་ལ་བྲོས་བྱོལ་བྱས། ཉིས་སྟོང་བཅོ་ལྔ་ལོར། སོ་ཏི་ཨ་རབ་སོགས་རྒྱལ་ཁབ་ཀྱིས་ཧུའུ་སའེ་དྲག་ཆས་རྩ་འཛུགས་ལ་རླུང་ནག་འཚུབ་མ་ཞེས་པའི་དམག་དོན་འགུལ་སྐྱོད་སྤེལ་བ་དང་། ཕྱོགས་གཉིས་བར་གྱི་འཁྲུག་རྩོད་ཚབས་ཇེ་ཆེར་གྱུར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།