ཐུའུ་སི་ཁི་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་མཐོ་རིམ་གྲོས་ཚོགས་བསྡུས་ཏེ་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་མཛུབ་སྟོན་བྱེད་ཕྱོགས་ལ་གྲོས་མཐུན་འགོད་རྒྱུ་ཁྱབ་སྒྲོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁི་ཡིས་ཚེས་ཉེར་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། དབྱིན་ཇི་མ་གཏོགས་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཉེར་བདུན་གྱི་མགོ་ཁྲིད་པས་ཟླ་བཞི་བའི་ཚེས་ཉེར་དགུའི་ཉིན་དམིགས་བསལ་གྱི་མཐོ་རིམ་གྲོས་ཚོགས་བསྡུས་ཏེ། ཚོགས་ཐོག་ནས་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་མཛུབ་སྟོན་བྱེད་ཕྱོགས་ལ་གྲོས་མཐུན་འགོད་རྒྱུ་ཡིན་ཟེར།

ཐུའུ་སི་ཁི་ཡིས་འཚམས་འདྲིར་ཡོང་བའི་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་དང་། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁི་གཉིས་དང་མཉམ་དུ་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ང་རང་ཉིད་ཀྱིས་དབྱིན་ཇི་རྒྱལ་ཁབ་ཀྱིས་ཡོ་རོབ་གླིང་མནའའ་འབྲེལ་དང་འབྲལ་བར་གདམ་གསེས་བྱེད་པར་རེ་བ་བྱེད་བཞིན་མེད་ཟེར། དབྱིན་ཇིའི་འདེམ་དམངས་མང་ཆེ་བས་དེ་ལྟར་བསྒྲུབ་པར་ཐག་བཅད་པ་རེད། དེ་བས་ང་ཚོས་ངེས་པར་དུ་རང་ནུས་ཅི་ལྕོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་ལས་རིམ་ལས་བྱུང་བའི་ཤུགས་རྐྱེན་དེ་ཆེས་དམའ་བའི་ཚད་དུ་ཚོད་འཛིན་བྱེད་དགོས་ཟེར།

ཐུའུ་སི་ཁི་ཡིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མོལ་སྤེལ་བའི་སྔོན་འདང་རྒྱག་དགོས་པའི་ལས་དོན་གཙོ་བོ་ནི། དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བ་ལས་ཤུགས་རྐྱེན་མི་ལེགས་པ་ཐེབས་པའི་སྤྱི་དམངས་དང་། ཀུང་ཟི། ཁོངས་གཏོགས་རྒྱལ་ཁབ། དེ་མིན་ཡོ་རོབ་གླིང་མནའ་འབྲེལ་གྱི་མཉམ་ལས་གྲོགས་པོ་སོགས་ལ་སྔར་ལས་ལྷག་པའི་གཏན་འཇགས་རང་བཞིན་དང་གསལ་ཚད་ལྡན་པར་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།