འཇར་པན་དང་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་གྲོས་བསྡུར་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཨན་ཐེན་ཝུན་ཞོང་གིས་ཚེས་བཅུ་བདུན་ཉིན་འཇར་མན་གྱི་པའོ་ཨིན་ནས་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་གྲོས་མོལ་བྱས། བྱང་ཕྱོགས་ཀྱི་གླིང་ཕྲན་བཞིའི་ཐུན་མོང་དཔལ་འབྱོར་བྱ་འགུལ་གྱི་བྱེ་བྲག་ཅན་མངོན་འགྱུར་བྱེད་ཆེད། ཕྱོགས་གཉིས་ཀྱིས་ཟླ་གསུམ་པའི་ཚེས་བཅོ་བརྒྱད་ཉིན་ཏུང་ཅིན་ནས་ན་ནིང་ཟླ་བཅུ་གཉིས་པར་འཇར་པན་དང་ཨུ་རུ་སིའི་མགོ་གཙོས་གྲོས་མོལ་བྱས་རྗེས་ཀྱི་ཕྱི་འབྲེལ་བློན་ཆེན་གཞོན་པའི་དངོས་གཞིས་གྲོས་མོལ་ཐེངས་དང་པོ་སྤེལ་བར་གྲོས་འཆམ་བྱུང་། ཕྱི་འབྲེལ་བློན་ཆེན་གཉིས་ཀྱིས་ད་རུང་ཟླ་གསུམ་པའི་ཚེས་ཉི་ཤུའི་ཉིན་ཏུང་ཅིན་ནས་ཕྱི་འབྲེལ་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་གྱི་གྲོས་མོལ་བྱ་འགུལ་སྤེལ་བར་འཐད་པ་བྱུང་།

བསྒྲགས་པ་ལྟར་ན། ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཅུ་གཉིས་པར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་མགོ་གཙོའི་གྲོས་མོལ་སྤེལ་ཏེ། ཐུན་མོང་དཔལ་འབྱོར་བྱ་འགུལ་གྱི་གྲོས་མོལ་སྤེལ་བར་གྲོས་མཐུན་བཀོད། འཇར་པན་གྱི་བཅའ་ཁྲིམས་ལངས་ཕྱོགས་ཀྱི་དམིགས་བསལ་ལམ་ལུགས་ལ་གནོད་པ་མི་ཐེབས་པར་བྱ་ཆེད། ཨུ་རུ་སིའི་ཕྱོགས་ཀྱིས་རྣམ་འགྱུར་བཟང་བོ་སྟོན་མིན་དེ་གནད་དོན་གཙོ་བོར་གྱུར་ཡོད།

འཇར་པན་གསར་འགྱུར་ལས་རིགས་ཀྱིས་བསྟན་དོན། འཇར་པན་དང་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་གྱི་གྲོས་མོལ་སྤེལ་ཐུབ་པ་བྱུང་ན། ཉིས་སྟོང་བཅུ་གསུམ་ལོའི་ཟླ་བཅུ་གཅིག་པར་ཐོག་དང་པོར་ལག་བསྟར་བྱས་པའི་ཚུན་གྱི་ཐེངས་གཉིས་པ་རེད། གྲོས་མོལ་དེ་ཉིས་སྟོང་བཅུ་བཞིའི་ལོར་ཝུའུ་ཁི་ལན་གྱི་ཉམས་ཉེན་བྱུང་བའི་ཚུན་ནས་ད་ལྟའི་བར་མཚམས་ཆད་པ་རེད། ཨ་མེ་རི་ཁའི་ཐི་ལིང་ཕུའུ་སྲིད་གཞུང་གིས་ཨུ་རུ་སི་ལ་ཕྱི་འབྲེལ་ཐད་ནས་རྣམ་འགྱུར་བཟང་བོ་བསྟན་པར་དམིགས་ཏེ། འཇར་པན་དང་ཨུ་རུ་སི་ཡིས་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་འབྱུང་བར་ཡར་སྐུལ་གཏོང་བཞིན་ཡོད། ཨན་ཐེན་ཝུན་ཞོང་གིས་གསར་འགོད་པར་ནན་གྱིས་བསྟན་དོན། མུ་མཐུད་དུ་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་སྤྱད་དེ་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མཐུན་སྒྲིལ་ལ་མཐོང་ཆེན་བྱེད་དགོས་ཟེར།

ཨན་ཐེན་ཝུན་ཞོང་གིས་གྲོས་མོལ་བྱེད་ཐབས་ནན་གྱིས་བསྟན་དོན། ཐུན་མོང་དཔལ་འབྱོར་བྱ་འགུལ་དང་གླིང་ཕྲན་གྱི་སྤྱི་དམངས་དག་གླིང་ཕྲན་བཞིའི་བར་རང་དབང་གིས་འགྲོ་འོང་བྱེད་པའི་ཐད་ནས་འཇར་པན་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་མཛུབ་སྟོན་སྔ་མོ་ནས་མངོན་འགྱུར་བྱེད་དགོས་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་འཇར་པན་གྱི་དཔལ་འབྱོར་ཐོན་ལས་ཀྱི་བློན་ཆེན། ཨུ་རུ་སིའི་དཔལ་འབྱོར་ཁྱབ་ཁོངས་ཀྱི་མཉམ་ལས་བྱ་བའི་འགན་ཁུར་མཁན་ཧྲི་ཀིན་ཧོང་ཁྲིན་གྱིས་ཟླ་དང་པོར་ཨུ་རུ་སི་ལ་འཚམས་འདྲི་བྱས་པའི་གནས་ཚུལ་གླེང་བ་དང་། ཐེངས་རྗེས་མའི་འཇར་པན་དང་ཨུ་རུ་སིའི་མགོ་གཙོའི་གྲོས་མོལ་ལ་ཁོར་ཡུག་བཟང་བོ་བསྐྲུན་པའི་བྱ་བར་གྲུབ་འབྲས་ངེས་ཅན་ཐོབ་ཡོད་པར་འདོད།

འཇར་པན་སྲིད་གཞུང་གིས་ཐུན་མོང་དཔལ་འབྱོར་བྱ་འགུལ་དེ་བྱང་ཕྱོགས་གླིང་ཕྲན་བཞིའི་མངའ་ཁོངས་གནད་དོན་དང་བཅས་པའི་ཞི་བདེ་ཆིངས་ཡིག་གྲོས་མོལ་གྱི་ལས་རིམ་ཞིག་ཏུ་གཏན་འཁེལ་བྱས་ཡོད།

འཇར་པན་དང་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ད་རུང་ཟླ་གསུམ་པའི་ཚེས་སུམ་ཅུའི་ཉིན་ཏུང་ཅིན་ནས་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གཞོན་པས་ཕྱི་འབྲེལ་གྱི་གྲོས་གཞི་མང་བོར་གྲོས་བསྡུར་བྱས་པའི་འཇར་པན་དང་ཨུ་རུ་སིའི་འཐབ་ཇུས་གྲོས་མོལ་སྤེལ་རྒྱུ་ཁས་ལེན་བྱས་ཡོད་ལ། ཚོད་དཔག་ལྟར་ན་ཨན་པའེ་ཅིན་སན་གྱིས་ཟླ་བཞི་བར་ཨུ་རུ་སི་ལ་འཚམས་འདྲི་བྱས་ཏེ་ཕུའུ་ཅིན་དང་གྲོས་མོལ་བྱེད་རྒྱུ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།