མའོ་ཁི་ཨར་གྱིས་སྲུང་སྐྱོབ་རིང་ལུགས་དང་མང་ཚོགས་རིང་ལུགས་ནི་ཐག་གཅོད་ཇུས་གཞི་མིན་པ་ནན་བཤད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚེས་བཅོ་བརྒྱད་ཉིན་མུའུ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་སྐབས་ང་གསུམ་པར་ཞུགས་སྐབས་གཏམ་བཤད་སྤེལ་ཏེ། ཕྱོགས་སོ་སོས་རོགས་ལས་བྱས་ཏེ་མཉམ་དུ་འགྲན་རྩོད་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། སྲུང་སྐྱོབ་རིང་ལུགས་དང་མང་ཚོགས་རིང་ལུགས་ནི་ཐག་གཅོད་ཇུས་གཞི་མིན་པ་ནན་བཤད་བྱས།

མའོ་ཁི་ཨར་གྱིས་བཤད་རྒྱུར། དེང་སྐབས་འཛམ་གླིང་སྟེང་རྒྱལ་ཁབ་གཅིག་གིས་ཁེར་རྐྱང་སྒོས་འགྲན་རྩོད་ཐག་གཅོད་བྱེད་ཐབས་མེད་ལ། མཉམ་འབྲེལ་རྒྱལ་ཚོགས་དང་བྱང་ཆིངས་རྩ་འཛུགས། ཡོ་རོབ་གླིང་མནའ་འབྲེལ་སོགས་ཕྱོགས་མང་མཉམ་ལས་རྐྱེན་སྲོལ་གྱི་ནུས་པར་ཤུགས་སྣོན་བྱེད་དགོས། རྒྱལ་སྤྱིའི་ལས་ཁུངས་རེ་འགའི་བྱ་བའི་ཕན་འབྲས་ད་རུང་མུ་མཐུད་དུ་ཇེ་མཐོར་གཏོང་དགོས་ཟེར།

མའོ་ཁི་ཨར་གྱིས་ནན་གྱིས་བསྟན་དོན། ལོ་རྒྱུས་ལས་ཡང་བསྐྱར་བདེན་དཔང་བྱུང་བ་ལྟར་ན། འཛམ་གླིང་རང་བཞིན་གྱི་ཉམས་ཉེན་དེ་ཕྱོགས་མང་བོའི་བྱེད་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་པ་རེད། མིག་སྔའི་གནད་དོན་ནི་ཕྱོགས་མང་གྲུབ་ཚུལ་གཏན་འཇགས་མིན་པ་དེ་རེད། དེ་ནི་སྲུང་སྐྱོབ་རིང་ལུགས་དང་མང་ཚོགས་རིང་ལུགས་ཀྱི་འདོད་བློ་བྱུང་བའི་རྐྱེན་གཙོ་བོ་ཡིན་ཡང་། སྲུང་སྐྱོབ་རིང་ལུགས་དང་མང་ཚོགས་རིང་ལུགས་ནི་ཐག་གཅོད་ཇུས་གཏན་ནས་མིན་ཟེར།

འཇིགས་སྐུལ་རིང་ལུགས་གླེང་སྐབས་མའོ་ཁི་ཨར་གྱིས་ནན་གྱིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཁེར་རྐྱང་དུ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་འགན་འཁྲི་ཐེག་ཐབས་མེད་པས། ཨ་མེ་རི་ཁའི་བར་མཉམ་ལས་བྱེད་པར་གལ་འགངས་ཧ་ཅང་ཆེ་ཟེར། ཁོ་མོས་ད་རུང་བསྟན་དོན། འབྲེལ་ཡོད་རྒྱལ་ཁབ་ཀྱིས་འཇིགས་སྐུལ་རིང་ལུགས་བར་དབྱེ་མཚམས་གསལ་བོར་འབྱེད་དགོས་ཟེར།

མའོ་ཁི་ཨར་གྱིས་བལྟས་ན། ནུབ་ཕྱོགས་རྒྱལ་ཁབ་དང་ཨུ་རུ་སིའི་བར་གནད་དོན་མང་བོའི་ཐད་འགལ་བ་མང་བོ་ཡོད་ཀྱང་། ཨུ་རུ་སིའི་བར་འབྲེལ་བ་བཟང་བོ་འཛུགས་པའི་བྱེད་ཐབས་འཚོལ་ཞིབ་བྱེད་དགོས། དཔེར་ན་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་གནད་དོན་ཐད་ནས་ཕྱོགས་གཉིས་ལ་ཐུན་མོང་གི་ཁེ་ཕན་ཡོད་ཟེར།

བྱང་ཆིངས་རྩ་འཛུགས་ཀྱི་དམག་དོན་གྲོན་དངུལ་གནད་དོན་ཐད་ནས་མའོ་ཁི་ཨར་གྱིས་བཤད་རྒྱུར། འཇར་མན་གྱིས་ལོ་ངོ་བཅུའི་ནང་དམག་དོན་གྲོན་དངུལ་གྱི་འགྲོ་སོང་དེ་རྒྱལ་ནང་གི་སྤྱིའི་ཐོན་རིན་གྱི་བརྒྱ་ཆའི་གཉིས་ཀྱི་ཚད་གཞིར་ཇེ་མཐོར་གཏོང་རྒྱུ་ཡིན་ཟེར།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།