ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞི་བདེ་སྲུང་སྐྱོབ་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་བསྐོ་འཇོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་བཞིའི་ཉིན་ཁྱབ་སྒྲོག་བྱས་དོན། ཞི་བདེ་སྲུང་སྐྱོབ་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ལཱ་ཏི་སུའུ་ཡི་འགན་ཡུན་ད་ལོའི་ཟླ་གསུམ་པར་ལོངས་རྗེས། ཧྥ་རན་སིའི་ཕྱི་འབྲེལ་དཔོན་པོ་ལཱ་ཁི་ལུའུ་ཝ་ཡིས་ལས་འགན་དེ་དང་ལེན་བྱེད་རྒྱུ་རེད་ཟེར།

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཁྲུའུ་ཡི་ཞི་བདེ་དང་བདེ་འཇགས་འཐབ་ཇུས། འཁོར་རྒྱུག གྲུབ་ཚུལ་བཅས་ལ་བཅོས་བསྒྱུར་བྱེད་པའི་བརྒྱུད་རིམ་ཁྲོད། ཁོས་འབྲེལ་ཡོད་ཀྱི་མཐོ་རིམ་དཔོན་པོའི་འགན་ཡུན་ལོ་གཅིག་གིས་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད་པ་དང་། ལཱ་ཏི་སུའུ་ཡིས་འགན་ཡུན་ལོངས་རྗེས་ཡུན་ཚད་ཇེ་རིང་དུ་གཏོང་ཐབས་མེད་ཟེར།

ཀུའུ་ཐི་ལོས་སི་ཡིས་གསལ་སྒྲོག་ནང་ལཱ་ཏི་སུའུ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ལ་བྱ་བ་བསྒྲུབས་པ་དང་། ཞི་བདེ་སྲུང་སྐྱོབ་ལས་དོན་ཐད་བྱས་རྗེས་འཇོག་པར་འབད་བརྩོན་ལྷོད་མེད་བྱས་པར་མ་ཟད། ཁྱད་པར་དུ་ཞི་བདེ་སྲུང་སྐྱོབ་ཀྱི་ནུས་པའི་དེང་རབས་ཅན་ལ་ཡར་སྐུལ་གཏོང་བ་དང་རིམ་པ་མང་བོའི་ཉམས་ཉེན་ཐག་གཅོད་བྱེད་པ། མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པ་བཅས་དམ་འཛིན་བྱས་པར་བཀའ་དྲིན་ཞུས།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཁོས་ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡི་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་རྩ་འཛུགས་ཟི་ཡི་ཟི་ཀྲང་ལཱ་ཁི་ལུའུ་ཝ་ཡིས་ད་ལོའི་ཟླ་བཞི་བའི་ཚེས་གཅིག་ཉིན་ནས་བཟུང་ཞི་བདེ་སྲུང་སྐྱོབ་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པའི་འགན་ཁུར་དུ་འཇུག་རྩིས་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཞི་བདེ་དང་བདེ་འཇགས་ཀྱི་སྒྲོམ་གཞིར་བཅོས་བསྒྱུར་བྱེད་ཆེད། ཁོས་ནང་ཁུལ་གྱི་དཔྱད་ཞིབ་ཚན་ཆུང་ཞིག་འཛུགས་རྒྱུ་དང་། ད་ལོའི་ཟླ་དྲུག་པར་ཁོར་གྲོས་གཞི་བཏོན་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་འབྲེལ་ཡོད་དངོས་ཚོགས་བར་གྱི་གྲོས་མོལ་བརྒྱུད་རིམ་མགོ་བརྩམས་ནས་མཇུག་མཐར་བཅོས་བསྒྱུར་ཡོངས་འགྲུབ་བྱེད་རྒྱུ་ཐག་བཅད་པ་ཡིན། དེ་བས་ཆབ་སྲིད་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ཧྥེ་ཨར་ཐི་མན་དང་། ཞི་བདེ་འཛུགས་སྐྲུན་རོགས་སྐྱོར་གནད་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོའི་ལས་རོགས་པ་ཧྥེ་ཨར་ནན་ཏི་སི་ཐཱ་ལན་ཁི། ཞི་བདེ་སྲུང་སྐྱོབ་ཀྱི་མཁོ་སྒྲུབ་རོགས་སྐྱོར་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ཁཱ་ལོས་བཅས་ཀྱི་འགན་ཡུན་ཉིས་སྟོང་བཅུ་བརྒྱད་ལོའི་ཟླ་བཞི་བའི་ཚེས་གཅིག་ཉིན་བར་ལོ་གཅིག་གིས་ཇེ་རིང་དུ་བཏང་བ་ཡིན་ཟེར།

ན་ནིང་ལོ་མཇུག་ཀྱི་བསྡོམས་རྩིས་གསར་བ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མིག་སྔར་འཛམ་གླིང་ཡོངས་སུ་ཞི་བདེ་སྲུང་སྐྱོབ་ཀྱི་འགུལ་སྐྱོད་རྣམ་གྲངས་བཅུ་དྲུག་སྤེལ་བཞིན་ཡོད་པ་དང་། བསྡོམས་པས་རིགས་སྣ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣ་འབུམ་གཅིག་དང་ཁྲི་གཉིས་ཙམ་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།