ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དང་ཐུར་ཁེའི་ཙུང་ཐུང་གིས་སི་རི་ཡཱ་དང་དབྱི་རག་གི་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེ་རུ་འཚམས་འདྲི་བྱེད་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་གཅིག་ཉིན་དབྱི་སི་ཐན་པོར་ནས་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་དང་མཉམ་དུ་སི་རི་ཡཱ་དང་དབྱི་རག་གི་གནས་བབ་ལ་གྲོས་བསྡུར་བྱས་པ་དང་། ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་གནད་དོན་ཐག་གཅོད་བྱེད་པ་མིན་ཚེ། སི་རི་ཡཱའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ལ་གྲུབ་འབྲས་བཟང་བོ་ཐོབ་དཀའ་བ་ནན་བཤད་བྱས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པས་གྲོས་མོལ་མཇུག་སྒྲིལ་རྗེས་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ནང་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་གྲོས་མོལ་བྱེད་སྐབས་བསྟན་དོན། ཨུ་རུ་སི་དང་ཐུར་ཁེ། དབྱི་ལིང་བཅས་རྒྱལ་ཁབ་གསུམ་གྱིས་སི་རི་ཡཱའི་གནད་དོན་ཐད་ནས་ཧཱ་སག་སི་ཐན་གྱི་རྒྱལ་ས་ཨ་སི་ཐཱ་ནཱ་ནས་བསྡུས་པའི་གྲོས་ཚོགས་ནི་རི་ནེ་ཝའི་ཞི་བའི་གྲོས་མོལ་གྱི་རྒྱབ་སྐྱོར་ཡིན་པ་དང་། ཁོས་དེར་བཀའ་དྲིན་ཞུ་བཞིན་ཡོད་ཟེར། ཀུའུ་ཐི་ལོས་སི་ཡིས་སི་རི་ཡཱའི་མངའ་ཁོངས་སུ་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་དང་ཐལ་སྤྱོད་ཉེས་ཅན་ལ་ཆམ་ཕབ་གཏོང་བའི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། ཞོར་དུ་སི་རི་ཡཱའི་གནད་དོན་དེ་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་མ་བྱས་ན། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་དེར་གྲུབ་འབྲས་བཟང་བོ་ཐོབ་དཀའ་བའི་ཚུལ་བསྟན།

ཨེ་ཨར་ཏའོ་ཨན་དང་མཉམ་དུ་དབྱི་རག་གི་གནས་བབ་གླེང་སྐབས་ཀུའུ་ཐི་ལོས་སི་ཡིས་ནན་གྱིས་བསྟན་དོན། མིག་སྔར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དང་མཉམ་དུ་མའོ་སུའུ་ཨར་སོགས་མཁར་གྲོང་གཙོ་བོ་འཕྲོག་ལེན་བྱེད་པའི་འགུལ་སྐྱོད་ཀྱིས་དབྱི་རག་མངའ་ཁོངས་ཀྱི་ཆོས་ལུགས་ཕྱོགས་ཁག་བར་གྱི་རྩོད་གླེང་ཇེ་ཆེར་གཏོང་མི་རུང་བར་མི་རིགས་འགྲིག་མཐུན་གྱི་དན་རྟགས་སུ་འགྱུར་དགོས་ཟེར།

ཀུའུ་ཐི་ལོས་སི་ཡིས་ད་རུང་ཨེ་ཨར་ཏའོ་ཨན་དང་མཉམ་དུ་སེ་ཕུའུ་ལུའུ་སིའི་ཞི་བདེའི་འཕེལ་རིམ་གྱི་གནས་ཚུལ་གསར་བར་གྲོས་བསྡུར་བྱས་པར་མ་ཟད། ཐུར་ཁེ་རྒྱལ་ཁབ་ཀྱིས་སི་རི་ཡཱ་དང་དབྱི་རག་གི་ཡུལ་གྱར་མང་བོ་དང་ལེན་བྱས་པར་གཟེངས་བསྟོད་བྱས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།