ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་དང་ཨ་མེ་རི་ཁས་རྣམ་པ་གསར་བའི་འགོག་སྲུང་འཕུར་མདའ་གསར་སྤེལ་བྱས་པ་དང་ཉིས་སྟོང་ཉེར་གཅིག་ལོར་བཀོད་སྒྲིག་བྱེད་རྒྱུའི་འཆར་གཞི་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁ་དང་འཇར་པན་གྱིས་མཉམ་དུ་གསར་སྤེལ་བྱས་པའི་འགོག་སྲུང་འཕུར་མདའ་དེ་ཉེ་སྔོན་ཞཱ་ཝེ་ཡེ་ནས་བདེ་བླག་ངང་ཚོད་ལྟ་བྱས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་ཚོད་ལྟ་བྱས་པའི་དུས་ནི་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་གྱིས་འཇར་པན་དུ་འཚམས་འདྲི་བྱེད་པའི་སྐབས་ལ་འཁེལ་ཡོད་ཅིང་། དམིགས་ཡུལ་ནི་ཕྱི་ཕྱོགས་ལ་ཨ་མེ་རི་ཁ་དང་འཇར་པན་གྱི་མནའ་མཐུན་གྲོགས་པོའི་འབྲེལ་བ་བརྟན་པོ་ངོམས་པའི་ཆེད་རེད། འཇར་པན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། འཇར་པན་གྱི་མཚོ་ཐོག་ཉེན་སྲུང་རུ་ཁག་གིས་ཉིས་སྟོང་ཉེར་གཅིག་ལོར་ཧྲིན་ཏོན་རྟགས་ཅན་གྱི་འགོག་སྲུང་གྲུ་གཟིངས་སྟེང་རྣམ་པ་གསར་བའི་འཕུར་མདའ་དེ་བཀོད་སྒྲིག་བྱེད་རྒྱུ་རེད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། རྣམ་པ་གསར་བའི་འགོག་སྲུང་འཕུར་མདའ་དེ་ནི་ཨ་མེ་རི་ཁའི་དམག་དཔུང་གི་ཧྲིན་ཏོན་རྟགས་ཅན་གྱི་མཐར་སྐྲོད་གྲུ་གཟིངས་ཤིག་གིས་གཏོང་འཕེན་བྱས་པ་དང་། བདེ་བླག་ངང་འཕུར་མདའ་ཞིག་བཀག་པ་རེད། རྣམ་པ་གསར་བའི་འགོག་སྲུང་འཕུར་མདའ་དེ་ནི་ཧྲིན་ཏོན་འཕུར་མདའི་འགོག་སྲུང་མ་ལག་གི་ཁག་ཅིག་ཡིན་པ་དང་། འབྲིང་འཕེན་འཕུར་མདའ་འགོག་ཐུབ་པ་ཡིན། སྔོན་ཆད་ཀྱི་རྣམ་པ་དང་བསྡུར་ན་སྔོག་བཤེར་དང་གསལ་འབྱེད། རྗེས་འདེད་བཅས་ཀྱི་ནུས་པ་སྔར་ལས་ཇེ་བཟང་དུ་སོང་ཡོད་ལ། རྙོག་འཛིང་གི་འཇིགས་ཉེན་སེལ་ཐུབ་པ་དང་སྲུང་སྐྱོབ་ཁྱབ་ཁོངས་སྔར་ལས་རྒྱ་ཆེ་བ་ཡིན།

ཨ་མེ་རི་ཁའི་འཕུར་མདའི་འགོག་སྲུང་ཅུའུ་ཡི་མགྲིན་ཚབ་པས་བསྟན་དོན། རྣམ་པ་གསར་བའི་འགོག་སྲུང་འཕུར་མདའ་ནི་ཨ་མེ་རི་ཁ་དང་འཇར་པན་ཕྱོགས་གཉིས་ལ་གལ་འགངས་ཧ་ཅང་ཆེ་བ་དང་། ཐེངས་འདིར་ཚོད་ལྟ་བྱེད་པའི་བརྒྱུད་རིམ་ཁྲོད་དེའི་འགོག་སྲུང་མ་ལག་གི་ནུས་པར་རྒྱུས་ལོན་བྱས་ཏེ་ལེགས་བཅོས་བྱེད་ས་འཚོལ་ཞིབ་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།