ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ཀྱི་བསྒྲགས་གཏམ་ལས་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཀྱི་རླབས་རྒྱུན་ལ་བཀག་འགོག་བྱེད་རྒྱུ་ནན་བཤད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མར་ཐཱ་རྒྱལ་ཁབ་ཀྱི་རྒྱལ་ས་ཝ་ལེ་ཐཱ་རུ་མཐོ་རིམ་གྲོས་ཚོགས་ལ་ཞུགས་བཞིན་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཉེར་བརྒྱད་ཀྱི་མགོ་ཁྲིད་པས་ཚེས་གསུམ་ཉིན་མར་ཐཱའི་བསྒྲགས་གཏམ་སྤེལ། བསྒྲགས་གཏམ་ལས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཕྱི་ཕྱོགས་མཐའ་མཚམས་ས་ཁུལ་ལ་སྲུང་སྐྱོབ་བྱེད་པར་མཐོང་ཆེན་བྱས་ཏེ་ཁྲིམས་འགལ་གནས་སྤོར་སྡོད་དམངས་ལ་བཀག་འགོག་བྱེད་རྒྱུ་བསྐྱར་སྒྲོག་བྱས་པ་དང་། ལི་པུ་ཡཱ་སོགས་ཨ་ཧྥེ་རི་ཁ་བྱང་མའི་རྒྱལ་ཁབ་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་ཐོག་མའི་ལས་དོན་རྣམ་གྲངས་བཅུ་ཁྱབ་སྒྲོག་བྱས་ནས་ས་དཀྱིལ་མཚོ་ཁོངས་བརྒྱུད་དེ་ཡོ་རོབ་གླིང་མནའ་འབྲེལ་གྱི་མངའ་ཁོངས་སུ་ཡོང་བའི་གནས་སྤོར་སྡོད་དམངས་ཀྱི་རླབས་རྒྱུན་ལ་བཀག་འགོག་བྱེད་རྒྱུ་ཡིན་ཟེར།

བསྒྲགས་གཏམ་ལས་བསྟན་དོན། ལི་པུ་ཡཱ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་སུ་ཡོང་བའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཀྱི་ཡོང་ཁུངས་གཙོ་བོར་གྱུར་ཡོད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་ལི་པུ་ཡཱ་སོགས་ཨ་ཧྥེ་རི་ཁ་བྱང་མའི་རྒྱལ་ཁབ་དང་སཱ་ཧཱ་ལཱ་བྱེ་ཐང་ལྷོ་ངོས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཞིང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་ལི་པུ་ཡཱའི་མཚོ་འགྲམ་ཉེན་སྲུང་རུ་ཁག་དང་འབྲེལ་ཡོད་ལས་ཁུངས་གཞན་པར་གསོ་སྦྱོང་དང་སྒྲིག་ཆས་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། ལི་པུ་ཡཱའི་ས་གནས་དང་ཁྱད་པར་དུ་མཚོ་འགྲམ་དང་གནས་སྤོར་སྡོད་དམངས་འགུལ་སྐྱོད་བྱེད་པའི་ས་ཁུལ་གྱི་་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཐད་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་དང་རྒྱལ་སྤྱིའི་གནས་སྤོར་སྡོད་དམངས་རྩ་འཛུགས་བར་མཉམ་ལས་བྱས་ཏེ། ལི་པུ་ཡཱ་རྒྱལ་ཁབ་ལ་གནས་སྤོར་སྡོད་དམངས་དང་ལེན་བྱེད་པའི་ནུས་པ་དང་ཆ་རྐྱེན་ལྡན་པར་ཁག་ཐེག་བྱེད་རྒྱུ་ཡིན་ལ། ཞོར་དུ་ལི་པུ་ཡཱའི་ཁྱིམ་མཚེས་རྒྱལ་ཁབ་ཚང་མའི་བར་གྱི་གྲོས་མོལ་དང་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།

གོང་གི་དམིགས་འབེན་དེ་མངོན་འགྱུར་བྱེད་ཆེད། ཡོ་རོབ་གླིང་མནའ་འབྲེལ་གྱིས་དགོས་ངེས་ཀྱི་རྒྱབ་སྐྱོར་བྱེད་རྒྱུ་རེད། དེའི་ནང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཨ་ཧྥེ་རི་ཁ་གླིང་ཡིད་རྟོན་ཐེབས་རྩ་ལས་ཨ་ཧྥེ་རི་ཁ་བྱང་མར་ཡོ་སྒོར་དུང་ཕྱུར་གཉིས་གཏོང་རྒྱུ་ཡིན་པ་དང་། གཙོ་བོ་ལི་པུ་ཡཱ་དང་འབྲེལ་བའི་གནས་སྤོར་སྡོད་དམངས་ཀྱི་དོ་དམ་ཚོད་འཛིན་ལས་གཞིའི་ཐད་བཀོལ་ནས་ཉིས་སྟོང་བཅུ་བདུན་ལོའི་བྲེལ་མྱུར་དགོས་མཁོ་ཐག་གཅོད་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོ་རོབ་གླིང་མནའ་འབྲེལ་གྱིས་ཕྱི་ཕྱོགས་ནས་འགུལ་སྐྱོད་སྤེལ་ཏེ་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཡོ་རོབ་གླིང་མནའ་འབྲེལ་གྱི་མངའ་ཁོངས་སུ་ཡོང་བར་བཀག་འགོག་བྱེད་པ་ནི་ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ཀྱི་གྲོས་གཞི་གཙོ་བོ་ཞིག་རེད། ན་ནིང་ཟླ་གསུམ་པར་ཡོ་རོབ་གླིང་མནའ་འབྲེལ་དང་ཐུར་ཁེ་རྒྱལ་ཁབ་ཀྱིས་ཡུལ་གྱར་བའི་གནད་དོན་ཐད་ནས་གྲོས་མཐུན་བཀོད་རྗེས། ཨེ་ཆིན་མཚོ་ཁོངས་བརྒྱུད་དེ་ཡོ་རོབ་གླིང་དུ་འགྲོ་བའི་དབུས་ཤར་ས་ཁུལ་གྱི་ཡུལ་གྱར་བའི་ཁ་གྲངས་ཇེ་ཉུང་དུ་འགྲོ་བའི་རྣམ་པ་བྱུང་ཡོད་ཀྱང་། ས་དཀྱིལ་མཚོ་ཁོངས་བརྒྱུད་དེ་ཡོ་རོབ་གླིང་དུ་འགྲོ་བའི་ཨ་ཧྥེ་རི་ཁ་བྱང་མའི་ཡུལ་གྱར་བའི་ཁ་གྲངས་ཇེ་མཐོར་སོང་ཡོད་པ་རེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།