ཀྲུང་གོ་བོད་ཀྱི་དྲ་བ།

ཨན་པའེ་ཅིན་སན་གྱིས་འཇར་པན་དམངས་གྲོས་ཁང་དང་གྲོས་ཞུགས་ཁང་གི་གྲོས་དཔོན་ལ་ཐུག་འཕྲད་བྱས་ཏེ་གནམ་བསྐོས་གོང་མ་ལས་གནས་ལས་འབུད་པའི་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར་རྒྱལ་ཚོགས་དམངས་གྲོས་ཁང་དང་གྲོས་ཞུགས་ཁང་གཉིས་ཀྱི་གྲོས་དཔོན་རྒན་གཞོན་གཉིས་ལ་ཐུག་འཕྲད་བྱས་པ་དང་། གནམ་བསྐོས་གོང་མ་ལས་གནས་ལས་འབུད་པའི་སྲིད་གཞུང་གི་ཆེད་མཁས་པའི་གྲོས་ཚོགས་ནས་ཁྱབ་སྒྲོག་བྱས་པའི་གནས་ཚུལ་སྙན་ཞུ་བྱས་པ་དང་། སྲིད་འཛིན་ཏང་དང་སྲིད་གཞུང་བཟུང་མེད་པའི་སྲིད་ཏང་གིས་གྲོས་བསྡུར་བྱེད་དགོས་པའི་རེ་བ་བཏོན། སྙན་ཞུ་ལས་བསྒྲགས་པ་ལྟར་ན། ཨན་པའེ་ཅིན་སན་གྱི་བྱ་སྤྱོད་དེ་ནི་ཟླ་བཞི་བའི་ཟླ་སྨད་ལ་སྤྲོད་རྒྱུ་ཡིན་པའི་གནམ་བསྐོའི་གོང་མ་ལས་གནས་ལས་ཕྱིར་འབུད་པའི་འབྲེལ་ཡོད་བཅའ་ཁྲིམས་འཆར་ཟིན་ལ་རྨང་གཞི་འདིང་བ་དང་། གང་མགྱོགས་སྒོས་བཅའ་ཁྲིམས་འཐུས་ཚང་དུ་གཏོང་བར་སྲིད་འཛིན་ཏང་དང་སྲིད་དབང་བཟུང་མེད་པའི་ཏང་གིས་ཕན་ཚུན་གཞོགས་འདེགས་བྱེད་པའི་ཆེད་རེད།

ཚེས་ཉེར་བཞིའི་ཉིན། དམངས་གྲོས་ཁང་དང་གྲོས་ཞུགས་ཁང་གཉིས་ཀྱི་གྲོས་དཔོན་རྒན་གཞོན་གཉིས་ཀྱིས་ཨན་པའེ་ཅིན་སན་དང་གྲོལ་མོལ་བྱས་རྗེས། རྒྱལ་ཚོགས་ནས་རང་དབང་དམངས་གཙོ་ཏང་དང་དམངས་གཙོ་ཡར་སྐུལ་ཏང་སོགས་ཏང་ཁག་བརྒྱད་དང་གྲོས་ཞུགས་ཁང་གི་ཏང་ཁག་འཐུས་ཚབ་ཚོགས་པ་གཉིས་ཀྱི་གྲོས་ཚོགས་བསྡུས་ནས། ཏང་ཁག་སོ་སོས་གྲོས་བསྡུར་བྱེད་དགོས་པའི་རེ་བ་བཏོན། ཏང་ཁག་ནང་ཁུལ་དུ་གྲོས་བསྡུར་བྱས་རྗེས་གྲོས་དཔོན་རྒན་གཞོན་གཉིས་ཀྱིས་ཟླ་གཉིས་པའི་ཟླ་དཀྱིལ་གྱི་རྗེས་ནས་ཕྱོགས་རེ་འགའི་བསམ་འཆར་ལ་ཉན་རྒྱུ་ཡིན་པ་དང་། ཟླ་གསུམ་པའི་ཟླ་སྟོད་ལ་རྒྱལ་ཚོགས་ཀྱི་བསམ་འཆར་གཅིག་བསྡུ་བྱེད་པར་བརྩོན་ལེན་བྱེད་རྒྱུ་རེད།

འཇར་པན་སྲིད་གཞུང་གི་ཆེད་མཁས་པའི་གྲོས་ཚོགས་ནས། རྒྱལ་ཚོགས་ཀྱི་བསམ་འཆར་གཞིར་བཟུང་སྟེ་ཟླ་གསུམ་པའི་ཟླ་མཇུག་གི་སྔོན་ལ་མཇུག་མཐའི་གྲོས་གཞི་འདོན་པར་བརྩོན་རྒྱུ་རེད། སྲིད་གཞུང་གིས་དེར་གཞིགས་ནས་བཅའ་ཁྲིམས་འཆར་ཟིན་གཏན་འབེབ་བྱེད་རྒྱུ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།