ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་ལུའུ་སཱ་ལེམ་ནས་དངོས་སྐྱེལ་རླངས་འཁོར་གྱིས་མི་ཚོགས་ལ་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་མི་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་ལུའུ་སཱ་ལེམ་ནས་དངོས་སྐྱེལ་རླངས་འཁོར་གྱིས་མི་ཚོགས་ལ་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། མིག་སྔར་ཉུང་མཐར་ཡང་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅོ་ལྔར་རྨས་ཕོག་ཟེར། ཤི་བོའི་ཁྲོད་བུད་མེད་གསུམ་དང་སྐྱེས་པ་གཅིག་ཡོད་ཟེར།

གནས་ཚུལ་དངོས་སུ་མཐོང་མཁན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། དོན་རྐྱེན་བྱུང་སྐབས་འཇབ་རྒོལ་མཁན་གྱིས་དངོས་སྐྱེལ་རླངས་འཁོར་ཞིག་བསྐོར་ནས་བགྲོད་ལམ་ལས་ཡོལ་བ་དང་། མྱུར་མོར་མཛེས་ལྗོངས་ལ་ལྟ་སའི་སྟེགས་བུའི་སྟེང་གི་དབྱི་སི་རལ་རྒྱལ་སྲུང་དམག་གི་ན་གཞོན་དམག་མི་སྐོར་ཞིག་པའི་ཕྱོགས་སུ་རྒྱུག་པ་རེད་ཟེར།

ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ཞིག་གིས་བཤད་རྒྱུར། དེ་ནི་གཡོ་ཇུས་ཡོད་པའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཞིག་ཡིན་པ་རེད་ཟེར། ལུའུ་ཐིག་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། འཇབ་རྒོལ་མཁན་ནི་ཡེ་ལུའུ་སཱ་ལེམ་ཤར་མ་རུ་སྡོད་པའི་ཕཱ་ལེ་སི་ཐན་གྱི་མི་ཡིན་ཞིང་། དབྱི་སི་རལ་གྱི་རླངས་འཁོར་ལག་རྟགས་བཟུང་ཡོད་པ་དང་། དབྱི་སི་རལ་གྱི་ཨང་རྟགས་ཅན་གྱི་དངོས་སྐྱེལ་རླངས་འཁོར་ཞིག་བསྐོར་ཡོད། འཇབ་རྒོལ་མཁན་དེ་ཡུལ་དངོས་ནས་བསད་པ་རེད།

ཡེ་ལུའུ་སཱ་ལེམ་སྦྲགས་སྲིད་ཚགས་པར་གྱིས་བསྒྲགས་པ་ལྟར་ན། དོན་རྐྱེན་བྱུང་རྗེས་རྒུད་སྐྱོབ་མི་སྣ་དང་ཉེན་རྟོག་པ་བཅུ་ཕྲག་འགའ་ཡུལ་དངོས་སུ་འབྱོར་བ་དང་། ཉེ་འདབས་ཀྱི་གཞུང་ལམ་གཙོ་བོ་བཀག་སྡོམ་བྱས་པ་རེད། རྨས་མ་བཅོ་ལྔའི་ཁྲོད་མི་བཅུའི་རྨས་སྐྱོན་ཅུང་ཡང་བ་དང་། མི་བཞིའི་རྨས་སྐྱོན་ལྗིད་མོ་ཡིན་ལ། གཞན་ཡང་མི་གཅིག་གི་རྨས་སྐྱོན་ཧ་ཅང་ཚབས་ཆེན་རེད། རྨས་མ་ཚང་མ་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱས་པ་རེད་ཟེར། ཡེ་ལུའུ་སཱ་ལེམ་ཉེན་རྟོག་ཕྱོགས་ཀྱིས་འཇབ་རྒོལ་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད་པའི་ཚུལ་བསྟན།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།