ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་གྱིས་ཡོ་རོབ་གླིང་དུ་ལྐོག་འབྲོས་བྱེད་པའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་བརྒྱ་དང་བཅོ་ལྔ་བཀག་འགོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སུའུ་ཏན་དམག་ཕྱོགས་ཀྱིས་ཚེས་བརྒྱད་ཉིན་ཁྲིམས་འགལ་གནས་སྤོར་སྡོད་དམངས་བརྒྱ་དང་བཅོ་ལྔ་བཀག་འགོག་བྱས་པ་དང་། ཁོ་ཚོ་སུའུ་ཏན་བརྒྱུད་དེ་ཡོ་རོབ་གླིང་དུ་ལྐོག་འབྲོས་བྱེད་རྩིས་ཡོད།

སུའུ་ཏན་བདེ་འཇགས་དམག་དཔུང་གིས་ཚེས་བརྒྱད་ཉིན་གྱི་ཞོགས་པར་རྒྱལ་ས་ཁཱ་ཐུའུ་མུའུ་བྱང་ངོས་ཀྱི་བྱེ་ཐང་དང་ཉེ་བའི་ས་ཁུལ་ནས་དངོས་སྐྱེལ་རླངས་འཁོར་འགའ་བཀག་པ་དང་། རླངས་འཁོར་སྟེང་དུ་སོ་མཱ་ལི་དང་ཨེ་ཙེ་ཨོ་ཕི་ཡཱ་ནས་ཡོང་བའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་བརྒྱ་དང་བཅོ་ལྔ་ཡོད་ལ། དེའི་ནང་བུད་མེད་སོ་བདུན་ཡོད། ཁོ་ཚོ་མི་མང་ཆེ་བས་དཔང་ཡིག་ཅི་ཡང་བཟུང་མེད་པ་དང་། འདྲི་གཅོད་བྱས་པ་བརྒྱུད་ཁོ་ཚོའི་དམིགས་ཡུལ་ནི་ཡོ་རོབ་གླིང་ཡིན་པ་ཤེས།

སུའུ་ཏན་བདེ་འཇགས་དམག་དཔུང་གི་བཀོད་འདོམ་དཔོན་པོ་ཧཱ་མུའུ་ཏན་གྱིས་གསར་འགྱུར་ལས་རིགས་ལ་བསྟན་དོན། སུའུ་ཏན་གྱིས་མཐའ་གཅིག་ཏུ་ཁྲིམས་འགལ་གནས་སྤོར་སྡོད་དམངས་དང་མི་སྣའི་ལྐོག་འཚོང་བྱ་འགུལ་ལ་ཆམ་ཕབ་གཏོང་བཞིན་ཡོད་པ་དང་། མི་སྣ་ལྐོག་འཚོང་བྱེད་པའི་བྱ་འགུལ་གྱི་རྩ་འཛུགས་མཁན་དང་ཚོགས་ཁག་གི་ཁོངས་མི་མང་བོ་འཛིན་བཟུང་བྱས་ཡོད་ཟེར། ཉིས་སྟོང་བཅུ་དྲུག་ལོའི་ཟླ་དྲུག་པ་ནས་ཟླ་བརྒྱད་པའི་བར། དམག་ཕྱོགས་ཀྱིས་སུའུ་ཏན་མངའ་ཁོངས་སུ་ལི་པུ་ཡཱ་ནས་སུའུ་ཏན་བརྒྱུད་དེ་ཡོ་རོབ་གླིང་དུ་ལྐོག་འབྲོས་བྱེད་པའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་བརྒྱད་བརྒྱ་དང་བཅུ་དྲུག་བཀག་པ་དང་། ཁོ་ཚོ་ཚང་མ་ཕྱིར་རང་རང་གི་རྒྱལ་ཁབ་ཏུ་བསྐྱལ་ཡོད་ཟེར།

ཉིས་སྟོང་བཅོ་ལྔ་ལོའི་ཚུན་ལ། མཐའ་མཚམས་ཀྱི་དོ་དམ་ལ་ཤུགས་སྣོན་དང་ལྐོག་འབྲོས་ཀྱི་ལམ་ཁྲིད་མཁན་ལ་ཆམ་ཕབ་བཏང་སྟེ། གནས་སྤོར་སྡོད་དམངས་དང་གནས་སྤོར་སྡོད་དམངས་དང་ལེན་བྱེད་པའི་རྒྱལ་ཁབ་ལ་ལག་བསྟར་བྱས་ཆོག་པའི་ཇུས་གཞི་བཏོན་པ་དང་། སུའུ་ཏན་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་གནས་སྤོར་སྡོད་དམངས་དང་མི་སྣའི་ལྐོག་འཚོང་ལ་ཆམ་ཕབ་གཏོང་བའི་ཐད་ནས་མཉམ་ལས་བྱས།

ཉེ་བའི་ལོ་འགའི་རིང་། ཟིང་འཁྲུག་དང་མཐའ་མཚམས་ཀྱི་དོ་དམ་ལྷོད་ཡངས་ཡིན་པའི་དབང་གིས་སུའུ་ཏན་དང་ཨེ་ཅིབ། ལི་པུ་ཡཱ་བཅས་རྒྱལ་ཁབ་གསུམ་གྱི་འབྲེལ་མཚམས་དེ་རིམ་བཞིན་ཨ་ཧྥེ་རི་ཁ་གླིང་གི་གནས་སྤོར་སྡོད་དམངས་ལྐོག་འབྲོས་བྱེད་སའི་ས་ཁུལ་གཙོ་བོ་ཞིག་ཏུ་གྱུར་ཡོད་ལ། ལོ་རེར་ཨ་ཧྥེ་རི་ཁི་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཁྲི་སྟོང་མང་བོ་གནས་དེ་བརྒྱུད་ནས་ཡོ་རོབ་གླིང་དུ་ལྐོག་འབྲོས་བྱེད་པའི་གོ་སྐབས་འཚོལ་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།