ཀྲུང་གོ་བོད་ཀྱི་དྲ་བ།

འདོད་སེལ་བུད་མེད་གནད་དོན་ལས་ཧན་གོ་དང་འཇར་པན་གྱི་འགལ་བ་ཇེ་དྲག་ཏུ་སོང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་དྲུག་ཉིན། ཧན་གོའི་ཧྥོ་ཧྲན་དུ་སྡོད་པའི་འཇར་པན་གྱི་གཞུང་ཚབ་ཁང་གི་མདུན་དུ་འདོད་སེལ་བུད་མེད་ཀྱི་ཞི་བདེའི་ན་གཞོན་མའི་སྐུ་བརྙན་གསར་དུ་བཞེངས་པར་དམིགས་ནས། འཇར་པན་སྲིད་གཞུང་གིས་ཧན་གོར་སྡོད་པའི་གཞུང་ཚབ་པ་ཕྱིར་བོས་པ་སོགས་བྱེད་ཐབས་དྲག་པོ་རབ་དང་རིམ་པ་སྤྱད་པར་ཧན་གོའི་སྲིད་གཞུང་གིས་ཡིད་འཕང་བའི་ཚུལ་བསྟན་པ་དང་། ཧན་གོའི་གླེང་ཕྱོགས་ཀྱིས་འཇར་པན་གྱི་བྱེད་ཐབས་དེར་ཁོང་ཁྲོ་ཆེས་ཆེར་ལངས་པའི་ཚུལ་བསྟན།

ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན། ཧན་གོའི་ཧྥོ་ཧྲན་དུ་སྡོད་པའི་འཇར་པན་གྱི་གཞུང་ཚབ་ཁང་གི་སྒོ་མདུན་དུ་ཧན་གོའི་འདོད་སེལ་བུད་མེད་ཀྱི་ཞི་བདེའི་ན་གཞོན་མའི་སྐུ་བརྙན་སོ་བདུན་པའི་ཡོལ་རས་ཕྱེ་བའི་མཛད་སྒོ་སྤེལ། དེ་ནི་ཧྲིག་ཨར་དུ་སྡོད་པའི་འཇར་པན་གཞུང་ཚབ་ཁང་གི་རྗེས་ནས་ཕྱི་རྒྱལ་དུ་སྡོད་པའི་འཇར་པན་གྱི་གཞུང་ཚབ་ཁང་གི་སྒོ་མདུན་དུ་བཞེངས་པའི་འདོད་སེལ་བུད་མེད་ཀྱི་ཞི་བདེའི་ན་གཞོན་མའི་སྐུ་བརྙན་གཉིས་པ་རེད། ཧན་གོའི་འབྲེལ་ཡོད་ཀྱི་དམངས་ཁྲོད་རྩ་འཛུགས་ཀྱིས་བསྟན་དོན། སྐུ་བརྙན་བཞེངས་པ་ནི་ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་ཀྱི་གནད་དོན་ཐད་ནས་གྲོས་མཐུན་འགོད་པར་ངོ་རྒོལ་བྱེད་པ་དང་། འཇར་པན་གྱིས་འདོད་སེལ་བུད་མེད་ཀྱི་གནོད་ཐེབས་མཁན་ལ་ལྷག་བསམ་རྣམ་དག་གིས་དགོངས་དག་ཞུ་བ་དང་བཅའ་ཁྲིམས་ལྟར་སྐྱིན་ཚབ་སྤྲོད་པའི་རེ་བ་འདོན་པའི་ཆེད་དུ་ཡིན་ཟེར།

ཧན་གོའི་དམངས་ཁྲོད་ཚོགས་ཁག་གིས་ཐེངས་འདིར་འདོད་སེལ་བུད་མེད་ཀྱི་ཞི་བདེའི་ན་གཞོན་མའི་སྐུ་བརྙན་གསར་དུ་ལས་པར་ངོ་རྒོལ་བྱེད་ཆེད། འཇར་པན་སྲིད་གཞུང་གིས་ཚེས་དྲུག་ཉིན་ཧན་གོར་སྡོད་པའི་འཇར་པན་གྱི་གཞུང་ཚབ་ཆེན་མོ་ཁྲང་ལིན་ཨན་ཀྲིན་དང་ཧྥོ་ཧྲན་དུ་སྡོད་པའི་གཞུང་ཚབ་སིན་པིན་ཁང་ཅིན་གཉིས་ཕྱིར་འབོད་རྒྱུ་ཁྱབ་སྒྲོག་བྱས་པ་དང་། ཧྥོ་ཧྲན་དུ་སྡོད་པའི་གཞུང་ཚབ་ཁང་གི་ལས་བཟོ་བ་དག་ཧྥོ་ཧྲན་གྲོང་ཁྱེར་གྱི་འབྲེལ་ཡོད་བྱ་འགུལ་ལ་ཞུགས་མཚམས་འཇོག་པ་དང་། ཧན་གོ་དང་འཇར་པན་གྱི་འབྲེལ་ཡོད་དངུལ་ལོར་བརྗེ་རེས་གྲོས་མཐུན་གྱི་གྲོས་མོལ་མཚམས་འཇོག་པ། ཧན་གོ་དང་འཇར་པན་གྱི་མཐོ་རིམ་དཔལ་འབྱོར་གྲོས་མོལ་རྗེས་སུ་སྣུར་རྒྱུ་ཐག་བཅད།

ཚེས་དྲུག་ཉིན་གྱི་ཕྱི་དྲོར་ཧན་གོའི་ཕྱི་འབྲེལ་བློན་ཆེན་ཡུན་པེན་ཧྲི་ཡིས་ཀྲང་ལིན་ཨན་ཀྲིན་ལ་ཐུག་འཕྲད་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།