འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཡོ་རོབ་གླིང་གི་རྒྱལ་ཁབ་གསུམ་དུ་འཚམས་འདྲིར་སོང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞོང་ཚེས་ལྔ་ཉིན་གྱི་སྔ་དྲོར་གནམ་གྲུར་བསྡད་དེ་ཡུས་ཐེན་གནམ་གྲུ་ཐང་ནས་ལམ་དུ་ཆས་ནས། ཧྥ་རན་སི་དང་ཅེ་ཁི། ཨིར་ལན་བཅས་རྒྱལ་ཁབ་གསུམ་ལ་འཚམས་འདྲིར་སོང་།

བསྒྲགས་པ་ལྟར་ན། ཐེངས་འདིའི་འགྲུལ་བཞུད་ཀྱི་སྐབས་སུ་ཨན་ཐེན་ཝུན་ཞོང་ཚེས་དྲུག་ཉིན་ཧྥ་རན་སི་ནས་སྔོན་ནས་ཡོ་རོབ་གླིང་དུ་འབྱོར་ཡོད་པའི་འཇར་པན་གྱི་རྒྱལ་སྲུང་བློན་ཆེན་ཏའོ་ཐེན་ཕིན་མཱེ་དང་ལྷན་དུ་ཕྱི་འབྲེལ་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་གྱི་གྲོས་མོལ་སྤེལ་རྒྱུ་ཡིན་པ་དང་། འཇར་པན་གྱིས་ཧྥ་རན་སིའི་བར་གྱི་བདེ་སྲུང་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་བརྩོན་ལེན་བྱེད་རྒྱུ་རེད།

སྐབས་ཐོག་དེར་ཨན་ཐེན་ཝུན་ཞོང་གིས་ད་རུང་ཉིང་རྡུལ་ནུས་པ་དང་འཕུར་མདའི་གསར་སྤེལ་ལ་ཡར་སྐུལ་གཏོང་བའི་ཁྲའོ་ཞན་གྱི་དམིགས་ཡུལ་ཐད་ནས་གསལ་བཤད་བྱ་རྒྱུ་ཡིན་པ་དང་། ཁྲའོ་ཞན་ལ་སྔར་ལས་ལྷག་པའི་གནོན་ཤུགས་སྟེར་བའི་ཐད་ནས་མཉམ་ལས་བྱེད་པར་བརྩོན་ལེན་བྱ་རྒྱུ་རེད།

ཧྥ་རན་སི་ལ་འཚམས་འདྲི་བྱས་རྗེས། ཨན་ཐེན་ཝུན་ཞོང་ཅེ་ཁི་རུ་སོང་ནས། ཚེས་དགུའི་ཉིན་ཅེ་ཁི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་དང་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། ཚེས་བཅུའི་ཉིན་ཨིར་ལན་ནས་ཕྱི་འབྲེལ་བློན་ཆེན་གྱི་གྲོས་མོལ་སྤེལ་རྒྱུ་མ་ཟད། ཨིར་ལན་དང་འཇར་པན་བར་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུ་འགོར་བའི་རྗེས་དྲན་མཛད་སྒོར་ཞུགས་རྒྱུ་རེད། དེ་ནི་ལོ་ངོ་ཉེར་དྲུག་རིང་འཇར་པན་གྱི་དབུ་བཞུགས་བློན་ཆེན་གྱིས་ཐོག་དང་པོར་ཨིར་ལན་དུ་འཚམས་འདྲི་བྱས་པ་ཡིན་ལ། ལོ་ངོ་བཅུ་དྲུག་རིང་ཐོག་དང་པོར་ཅེ་ཁི་རྒྱལ་ཁབ་ཏུ་འཚམས་འདྲི་བྱས་པ་རེད། ཨན་ཐེན་ཝུན་ཞོང་ཚེས་བཅུ་གཅིག་ཉིན་ཕྱིར་འཇར་པན་དུ་ལོག་རྒྱུ་རེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།